མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ནས་དཔྱི་ཚིགས་འཆུས་ནད་ཅན་གྱི་བྱིས་པར་སྨན་བཅོས་ཀྱི་སྤྱི་ཕན་བྱེད་སྒོ་སྤེལ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-05-08 11:33

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལྔ་གཅིག་གུང་གསེང་གི་སྐབས་ཏེ། རྒྱལ་ཡོངས་མི་དམངས་རྣམས་ལྔ་གཅིག་གུང་གསེང་དུས་ཆེན་ལ་སྤྲོ་འཆམ་དང་ཡུལ་སྐོར་སོགས་གང་དགར་རོལ་བའི་དུས་སུ། ཧྲང་ཧའེ་གྲོང་ཁྱེར་བྱིས་པའི་སྨན་ཁང་གི་རིས་ནད་ཚན་ཁག་གི་ཆེད་མཁས་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་སྐོར་ཁག་བདུན་པ་དང་། གཞིས་ཀ་རྩེ་ས་ཁུལ་གྱི་མི་དམངས་སྨན་ཁང་གི་འགོ་གཙོའི་ལས་རོགས་པ་དབྱང་ཞའོ་ཏུང་གིས་སྣེ་ཁྲིད་འོག བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་དུ་ཡོང་ནས་སྐལ་བཟང་མེ་ཏོག་གི་བརྩེ་བ་ཞེས་པའི་བོད་ཀྱི་ཞིང་འབྲོག་ཁུལ་གྱི་ལྷན་སྐྱེས་དཔྱི་ཚིགས་འཆུས་པའི་ནད་ཡོད་པའི་བྱིས་པར་སྨན་བཅོས་བྱེད་པའི་སྤྱི་ཕན་བྱེད་སྒོ་སྤེལ་བ་རེད། རྣམ་གྲངས་དེ་ནི་ཧྲང་ཧའེ་འཕྲོད་བསྟེན་བོད་སྐྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་བརྟེན། ཚོགས་པ་དེའི་དམིགས་དོན་ནི་བོད་ས་མཐོའི་ཞིང་འབྲོག་ཁུལ་གྱི་ལྷན་སྐྱེས་དཔྱི་ཚིགས་འཆུས་པའི་བྱིས་པའི་ནད་བྱུང་ཚུལ་ལ་བརྟག་དཔྱད་དང་རྒྱུས་ལོན་བྱས་རྗེས། བྱིས་པ་ལོ་ན་ཆེ་ཤོས་ཀྱི་ནད་པ་དག་ཧྲང་ཧའེ་རུ་འཁྱེར་ནས་བརྩེ་སེམས་གཤགས་བཅོས་གནང་རྒྱུ་དང་། ཐེངས་འདིའི་སྤྱི་ཕན་བྱེད་སྒོ་བརྒྱུད་དེ་ས་གནས་དེ་གའི་མང་ཚོགས་ལ་བདེ་ཐང་གི་སློབ་གསོ་བཏང་ནས་གཞི་རིམ་གྱི་སྨན་པ་རྣམས་ལ་ཆེད་དོན་ཟབ་སྦྱོང་གནང་རྒྱུ་དང་། ཕྲུ་གུ་དམར་འབྱར་གྱི་དཔྱི་ཚིགས་རྒྱས་ཚུལ་མི་ལེགས་པ་སོགས་ལ་བརྟག་དཔྱད་ཆ་ཚང་ཐུབ་པའི་དྲ་རྒྱ་ཞིག་བཙུགས་ནས་བོད་ཁུལ་གྱི་བྱིས་པ་དབང་བོ་སྐྱོན་ཅན་དུ་འགྱུར་བར་འགོག་བཅོས་དང་ཇེ་ཉུང་དུ་གཏོང་བའི་ཕྱིར་ཡིན།

ཟླ5བའི་ཚེས2ཉིན་བོད་ལྗོངས་གཞིས་ཀ་རྩེའི་གནམ་གཤིས་ཧ་ཅང་འཁྱགས་ལ་ཁ་བ་དང་ལྷགས་རླུང་དྲག་ཏུ་ལྡིང་ན་ཡང་། སྨན་བཅོས་རུ་ཁག་གི་ཁོངས་མི་རྣམས་ཐོག་དང་པོར་མཐོ་སྒང་དུ་བསྐྱོད་པ་ཡིན་པའི་རང་ལུས་བདེ་མིན་ལ་ལྟ་ཁོམ་ཡང་མེད་པར་ལམ་སང་འཆར་གཞི་ནང་ལྟར་སྐོར་ཞིབ་ནད་བརྟག་གི་ལས་ཀར་ཞུགས། སྐོར་ཞིབ་ནད་བརྟག་གི་ས་ཚུགས་དང་པོ་སྟེ་ས་སྐྱ་རྫོང་དུ་བསྐྱོད་པའི་ལམ་བར་དུ། སྨན་བཅོས་རུ་ཁག་གིས་གློ་བུར་དུ་ཁ་བ་ཆགས་པའི་གཞུང་ལམ་དུ་འགྲུལ་སྐྱེལ་རླངས་འཁོར་ཞིག་ཁ་ལོ་འཁོར་ཡོད་པ་མཐོང་རྗེས། འཛེམ་དོགས་ཅི་ཡང་མེད་པར་འཕྲལ་མར་དོན་རྐྱེན་བྱུང་ཡུལ་དུ་བསྐྱོད་དེ་མྱུར་སྐྱོར་གནང་བ་དང་། ༡༢༠མྱུར་སྐྱོབ་རླངས་འཁོར་སླེབས་རག་བར་དུ་ཀླད་ཕྱིར་རྨས་ལྕི་མོ་ཕོག་པའི་རྨས་མ་ཞིག་ལ་ཐོག་མར་མྱུར་སྐྱོབ་སྨན་བཅོས་གནང་། ཚང་མས་རྨས་མ་མྱུར་སྐྱོབ་རླངས་འཁོར་དུ་བཞག་ནས་ལས་ཀ་རྩིས་སྤྲོད་གནང་རྗེས་ད་གཟོད་མུ་མཐུད་ནས་ས་སྐྱ་རྫོང་གི་ལམ་དུ་བསྐྱོད་པ་རེད།

རླངས་འཁོར་ས་སྐྱ་རྫོང་ཁོངས་སུ་འབྱོར་རྗེས་གློ་བུར་དུ་ཁ་བ་ཆེན་པོ་བབས་ནས་མཐོང་ལམ་རབ་རུབ་གྱུར་བ་དང་། མིག་གི་མཐོང་ཚད་སྨི༥ཡས་མས་ཙམ་ལས་མེད་ཀྱང་། སྨན་བཅོས་རུ་ཁག་གིས་མདུན་སྐྱོད་ཀྱི་གོམ་ཁ་མ་ལྷོད་པར་དལ་གྱིས་བསྐྱོད། ཉིན་གུང་ད་གཟོད་ས་སྐྱ་རྫོང་ཐོག་ཏུ་འབྱོར་བ་རེད། དུས་དེར་གོ་ཐོས་བཞིན་མདུན་དུ་འོང་བའི་བོད་རིགས་མང་ཚོགས་ཀྱིས་སྔ་མོ་ནས་རྫོང་མི་དམངས་སྨན་ཁང་གི་མཐའ་བསྐོར་ནས་སྒུག་འདུག སྨན་བཅོས་རུ་ཁག་གི་ཁོངས་མི་རྣམས་ལ་ངལ་གསོ་རྒྱག་ཁོམ་ཡང་མེད་པར་ལམ་སང་སྐོར་ཞིབ་སྨན་བཅོས་ཀྱི་ལས་སུ་ཞུགས། སྐོར་ཞིབ་ཀྱི་ཁྲོད་དུ་བྱིས་པ་༡༨ལ་ལྷན་སྐྱེས་དཔྱི་ཚིགས་འཆུས་པའི་ནད་ཡོད་པ་ངོས་བཟུང་།  གུང་ཟས་སླ་མོ་ཞིག་མཆོད་རྗེས་ཕྱི་དྲོའི་ཆུ་ཚོད་༣ཐོག་སྨན་བཅོས་རུ་ཁག་མུ་མཐུད་ནས་སྐོར་ཞིབ་སྨན་བཅོས་ས་ཚིགས་གཉིས་པ་ལྷ་རྩེ་རྫོང་ལ་བསྐྱོད་པ་རེད། ལྷ་རྩེ་རྫོང་མི་དམངས་སྨན་ཁང་གི་སྐོར་ཞིབ་སྨན་བཅོས་བྱེད་སར་ལྷན་སྐྱེས་དཔྱི་ཚིགས་འཆུས་པའི་ནད་ཡོད་པའི་བྱིས་པ་༩བརྟག་དཔྱད་ཐོབ་པ་མ་ཟད། ནད་བརྟག་བྱེད་སར་རུས་ཆག་བྱིས་པ་ཞིག་ལ་མྱུར་སྐྱོབ་སྨན་བཅོས་གནང་བ་དང་། དུས་མཚུངས་སུ་ཡུལ་དེའི་སྨན་པ་རྣམས་ལ་རུས་ཆག་བྱུང་བའི་བྱིས་པའི་ནད་ཀྱི་བཅོས་ཐབས་ཚད་ལྡན་སྐོར་ནས་སློབ་སྟོན་གནང་བ་རེད། 

བརྟག་དཔྱད་ཉིན་གཅིག་བྱས་པའི་ནང་དུ་སྨན་བཅོས་རུ་ཁག་གིས་ཁྱོན་སྡོམ་ལྷན་སྐྱེས་དཔྱི་ཚིགས་ནད་ཡོད་པ་དང་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པ་༡༠༠ཡི་ནད་ངོས་ཟིན། ཕྱིས་སུ་སྨན་བཅོས་རུ་ཁག་གིས་བརྟག་དཔྱད་ཐོབ་པའི་ནད་པ་རྣམས་སྡོམ་རྩིས་ལེགས་སྒྲིག་གནང་རྗེས་ལོ་ན་ཆེ་བའི་བྱིས་པ་ནད་པ་དག་སྐོར་ཁག་བྱས་ནས་ཧྲང་ཧའེ་རུ་སྨན་བཅོས་བྱེད་དུ་བསྐྱལ་རྒྱུ་རེད། ལྷན་སྐྱེས་རང་བཞིན་གྱི་དཔྱི་ཚིགས་འཆུས་པའི་ནད་ནི་རུས་ཚན་གྱི་ནད་ཅིག་ཡིན། ནད་དེ་རིགས་ནི་ཕྲུ་གུའི་དུས་སུ་དཔྱི་ཚིགས་དོ་མི་མཉམ་པ་དང་། བྱིས་པ་ཅུང་ཆེ་བའི་དུས་སུ་གྱོལ་འགྲོ་བྱེད་པ་སོགས་ནི་ནད་རིགས་དེའི་ནད་རྟགས་ཡིན་པས། བྱིས་པ་འཚར་ལོངས་ལ་གནོད་པ་ཆེན་པོ་ཡོད། ཟླ༢མན་གྱི་བྱིས་པར་ནད་དེ་ཡོད་པ་ཤེས་རྗེས་ལག་ཐབས་སྨན་བཅོས་ལ་བརྟེན་ནས་སེལ་ཐབས། ཟླ་དྲུག་མན་གྱི་བྱིས་པར་མཚོན་ན་སྦྱར་སྨན་སྦྱར་ནས་གཏན་འཇགས་ཀྱིས་སོས་ཐུབ། གལ་ཏེ་ལོ་གཅིག་བརྒལ་རྗེས་གཤགས་བཅོས་བྱེད་དགོས་པ་ཡིན། ནད་རིགས་དེ་ལོ་ཇེ་ཆེར་སོང་བ་དང་བསྟུན་ནས་སྨན་བཅོས་བྱེད་ཐབས་དང་ཉེན་ཁ་ཡང་ཇེ་ཆེར་འགྲོ་ངེས་པ་མ་ཟད། བྱིས་པའི་མཚར་ལོངས་དང་སེམས་ཁམས་ལའང་གནོད་པ་ཐེབས་སྲིད་པས། སྔ་མོ་ནས་ནད་བརྟག་སྨན་བཅོས་བྱ་རྒྱུ་ཧ་ཅང་གལ་ཆེ།

མིག་སྔར་ཧྲང་ཧའེ་སོགས་ས་གནས་སུ་བཙས་མ་ཐག་པའི་ཕྲུ་གུའི་དཔྱི་ཚིགས་འཆུས་ནད་དེ་Bཁྲའོ་དཔྱད་ཆས་ཀྱི་བརྟག་ཐབས་ཡོད་ན་ཡང་། བོད་ལྗོངས་ལྟ་བུའི་རྗེས་ལུས་ཀྱི་ས་ཁུལ་ལ་མཚོན་ན་སྨན་བཅོས་ཆ་རྐྱེན་ཞན་པའི་ཁར། བོད་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྲུང་འདུ་ཤེས་ཀྱང་ཞན་པས། ནད་རིགས་དེ་བྱུང་བའི་བྱིས་པ་རྣམས་ལ་དུས་ཐོག་ཏུ་བརྟག་དཔྱད་དང་སྨན་བཅོས་སོགས་བྱེད་མ་ཐུབ་པར་དབང་བོ་སྐྱོན་ཅན་དུ་གྱུར་བ་རེད།

ཁ་ཚ་དགོས་གཏུག་གི་དོན་དག་དེ་ཐག་གཅོད་ན། ཕྱོགས་གཅིག་ནས་ཞིང་འབྲོག་མང་ཚོགས་ལ་བདེ་ཐང་གི་སློབ་གསོ་བཏང་སྟེ། བོད་ཁུལ་གྱི་སྨན་བཅོས་ལས་ཁུངས་སུ་Bཁྲའོ་ནད་བཤེར་ཆས་སོགས་མཁོ་འདོན་བྱེད་པའི་དུས་མཚུངས་སུ། ལོ་ན་ཆེ་བའི་བྱིས་པ་ནད་པ་དག་སྤྱི་ཕན་གྱི་སྟེགས་བུ་ནས་ཧྲང་ཧའེ་གྲོང་ཁྱེར་བྱིས་པའི་སྨན་ཁང་དུ་འཁྱེར་ནས་གཤགས་བཅོས་གནང་རྒྱུ་དང་། ཕྱོགས་གཞན་ནས་བོད་ཁུལ་གྱི་ས་གནས་ཆེད་ཚན་སྨན་པར་ཤུགས་སྣོན་པ་དང་། ལྷག་པར་དུ་གཞི་རིམ་གྱི་སྨན་པར་ཟབ་སྦྱོང་བྱས་ཏེ། ནད་རིགས་དེར་ངོས་ཟིན་བསྐྱེད་པ་དང་། རྨང་གཞིའི་བརྟག་ཐབས་དང་བྱེད་ཐབས་ལ་བྱང་ཆུད་པར་བྱས་ཐོག བཙས་མ་ཐག་པའི་ཕྲུ་གུར་ནད་བཤེར་བྱེད་པའི་ནང་དོན་འཐུས་ཚང་དུ་བཏང་སྟེ། ཕྲུ་གུ་དམར་འབྱར་གྱི་ལྷན་སྐྱེས་དཔྱི་ཚིགས་འཆུས་ནད་སྔ་མོ་ནས་སྔོན་འགོག་དང་། སྔ་མོ་ནས་སྨན་བཅོས་བྱས་ནས་དབང་བོ་སྐྱོན་ཅན་གྱི་བྱིས་པ་ཇེ་ཉུང་དུ་གཏོང་དགོས་པ་རེད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག