མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཁྲེན་ཆོན་གོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུར་འཕྲིན་ཡིག་སྤྲིངས་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་པོ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་སྐྱེད་སྲིང་དང་ལག་ལེན་བསྟར་དགོས།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-05-06 10:59

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྔ་བཞི་གཞོན་ནུའི་དུས་ཆེན་གྱི་སྐབས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུར་ཕྱག་ཡིག་བཏང་ནས་རྒྱ་ཆེའི་གཞོན་ནུ་གྲོགས་པོ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པེ་ཅིང་སློབ་གྲྭ་ཆེ་མོར་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་སྐྱེད་སྲིང་དང་ལག་ལེན་བསྟར་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་གྱི་འཐབ་ལམ་ཐོག་ལྟ་ན་སྡུག་པའི་ལང་ཚོའི་གླུ་དབྱངས་མཐོན་པོར་ལེན་དགོས་པའི་སྐུལ་ལྕག་གནང་བ་རེད། འཕྲིན་ཡིག་གི་ནང་དོན་ཆ་ཚང་གཤམ་གསལ།

    ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་གྲོགས་པོ་ཚོ།

    ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་ངས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་གྲོགས་པོ་ཚོར་དུས་ཆེན་གྱི་འཚམས་འདྲི་ཞུ་རྒྱུ་ཡིན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་སློབ་གསོའི་ལས་དོན་པ་དང་གཞོན་ནུའི་ལས་དོན་པ་ཚོར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།

    ད་ལོ་ནི་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་95འཁོར་བའི་ལོ་ཞིག་རེད། ལོ་95ཡི་གོང་རོལ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གཞོན་ནུའི་མི་རབས་རེ་རེ་བཞིན་གྱིས་ལང་ཚོ་དང་ཁྲག་དྲོན་ལ་བརྟེན་ནས་ཕུན་སུམ་ཚོགས་པའི་ལོ་རྒྱུས་དེབ་ཐེར་ལ་འགོད་ཐུབ་པའི་བརྗིད་ཉམས་ཆེ་ཞིང་ཡིད་དབང་འཕྲོག་པའི་ལེའུ་ཞིག་བརྩམས་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུས་ཏང་གི་འབོད་སྐུལ་ཉན་པ་དང་དུས་རབས་ཀྱི་འབོད་སྐུལ་ལ་བརྡ་ལན་ཞུས་ནས་བོད་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་རླབས་ཆེན་བྱ་གཞག་ནང་ཧུར་ཐག་ཞུགས་པ་དང་འཐབ་ཕྱོགས་ཁག་ཏུ་ལེགས་ཆ་བཏོན་ཁར་འགན་འཁྲི་ལྕི་པོ་ཁུར་བ་དང་། བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱས་ཁར་འབད་འཐབ་ལྷོད་མེད་བྱས་སྟབས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཆེད་སུབ་ཐབས་བྲལ་བའི་འོད་སྟོང་འཕྲོ་བའི་བྱས་རྗེས་བཞག་ཡོད། བོད་ཀྱི་མི་རིགས་ཁག་གི་གཞོན་ནུ་ནི་ཧ་ཅང་ཕུལ་དུ་བྱུང་བ་ཞིག་དང་རྦད་དེ་ཡིད་ཆེས་བློས་འགེལ་ཆོག་པ་ཞིག་ཡིན་པ་དང་ལས་འགན་ལྕི་པོ་ཁུར་ཐུབ་མཁན་ཞིག་ཡིན་པ་ལག་ལེན་ནས་ར་འཕྲོད་བྱུང་ཡོད།

    གཞོན་ནུ་ནི་དུས་རབས་ཀྱི་གདོང་ལེན་དང་། རྒྱབ་ཁབ་ཀྱི་རྐང་འཛིན། མི་རིགས་ཀྱི་རེ་བ་བཅས་ཡིན་པས་ཏང་དང་མི་དམངས་ཀྱིས་ཁྱེད་ཚོར་རེ་བ་ཆེན་པོ་བཅོལ་ཡོད། ད་ལོའི་ལྔ་བཞི་གཞོན་ནུའི་དུས་ཆེན་གྱི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་པེ་ཅིང་སློབ་གྲྭ་ཆེ་མོར་རྟོག་ཞིབ་གནང་བར་ཕེབས་ནས་དགེ་རྒན་དང་ལས་བཟོ་དང་། གཞོན་ནུ་སློབ་མར་བྱམས་བརྩེའི་ངང་གཟིགས་ནས་གསུང་བཤད་གལ་ཆེན་གནང་བ་དང་སྦྲགས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུར་ཐུགས་རེ་ནན་པོ་ཡང་བཏོན་གནང་ཡོད་པ་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པེ་ཅིང་སློབ་གྲྭ་ཆེན་མོར་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། དེ་ཉིད་གོ་སྐབས་དང་སྒུལ་ཤུགས་སུ་བརྩི་བ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་དང“བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང”བཅས་ཡོང་བ་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ག“ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་འཛུགས་སྐྲུན་བྱེད་པ། མི་སེམས་བརྩོན་ལེན་བྱེད་པ། རྨང་གཞི་བརྟན་པོ་འདིང་བ”བཅས་ཀྱི་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་མཁན་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་མཁན་དང་། གསར་འབྱེད་བྱེད་མཁན། ལེགས་སྐྱེས་འབུལ་མཁན་བཅས་བྱེད་དགོས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་རྒྱུན་འཁྱོངས་ལྷོད་མེད་དང་འགྱུར་མེད་དམ་བཅའ་འཇོག་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད་དང་། འགྲོ་ལམ་གྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་སྟེ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་ཆེད་དུ་འབད་འཐབ་བྱེད་པ་དང་། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དཔེ་བཟང་ངང་ལག་བསྟར་བྱེད་པ། བསམ་བློ་དང་། ཆབ་སྲིད་། བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ། ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་རང་རྟོགས་ངང་ལག་ལེན་བྱེད་པ་དང་། བྱ་བ་ཆུང་ཙག་ནས་འགོ་འཛུགས་པ་དང་། རང་ཉིད་ནས་འགོ་འཛུགས་པ། མི་ཚང་མའི་སེམས་ནང་ཡོད་པའི་སྤྱོད་བཟང་གི་འདུན་པ་དང་ཀུན་སྤྱོད་ཀྱི་བརྩེ་སེམས་སྔོག་འདོན་དང་ཆེ་རུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་ནང་ངོས་སུ་མི་སྒེར་དང་ཚོགས་སྤྱིའི་འདུ་ཤེས་སུ་འགྱུར་བ་བྱེད་པ། ཕྱི་ངོས་སུ་མི་སྒེར་དང་ཚོགས་སྤྱིའི་བྱ་སྤྱོད་ཀྱི་ཚད་གཞིར་འགྱུར་བ་བཅས་བྱས་ཏེ་ལྟེ་བའི་རིན་ཐང་ལྟ་བ་དྲིལ་བསྒྲགས་བྱེད་མཁན་དང་། དར་སྤེལ་གཏོང་མཁན། ལག་ལེན་བསྟར་མཁན་བཅས་ལ་ཧུར་ཐག་འགྱུར་བ་བྱེད་དགོས། ཚན་རིག་ཤེས་བྱ་སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པ་དང་། སློབ་སྦྱོང་ལ་བརྩོན་ཞིབ་དང་སློབ་སྦྱོང་བྱེད་མཁས་པོ་བྱེད་པ། དངོས་འབྲེལ་འབད་བརྩོན་བྱས་ཏེ་འཇོན་ཐང་དངོས་སྦྱོང་བ། སློབ་སྦྱོང་གི་སྤྲོ་སེམས་ཆེན་པོ་དང་སྐོམ་པ་ཆུ་འདོད་ལྟར་གྱི་ཤེས་བྱ་སྦྱོང་འདོད་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་བྱེད་པ། རང་ཉིད་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། མཐོ་རུ་གཏོང་བ། ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་ཚད་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པར་ཧུར་ཐག་འཚར་ལོངས་ཡོང་བ་བྱེད་དགོས། མེས་རྒྱལ་གྱི་དྲིན་ལན་འཇལ་བ་དང་། མི་དམངས་ལ་ཞབས་འདེགས་ཞུས་ཏེ་རང་ཉིད་ཀྱི་ལས་དབང་དེ་རྒྱལ་ཁབ་ཀྱི་ལས་དབང་དང་ཟུང་འབྲེལ་དམ་ཟབ་བྱེད་པ། རང་ཉིད་ཀྱི་ཕུགས་བསམ་དེ་རླབས་ཆེ་བའི་ཀྲུང་གོའི་ཕུགས་འདུན་དང་ཟུང་འབྲེལ་དམ་ཟབ་བྱེད་པ། དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་དང་། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་། བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར། ཕྱར་བ་གྲུ་འདེགས་ངང་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ། རང་འགུལ་ངང་གཞི་རིམ་དང་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་སྦྱོང་བརྡར་ཐུབ་པ་དང་ནུས་ཤུགས་འདོན་པ་དང་། འཇོན་ཐང་ཆེ་རུ་གཏོང་བ། ལང་ཚོ་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་ལང་ཚོའི་མེ་ཏོག་དེ་མེས་རྒྱལ་དང་མི་དམངས་ལ་མཁོ་ཆེ་ཤོས་ཀྱི་ས་ཆར་གཟི་བརྗིད་ངང་བཞད་དུ་འཇུག་དགོས།

    གཞོན་ནུ་འགུགས་པ་དང་གཞོན་ནུར་བརྟེན་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཁ་ནས་རྒྱལ་ཁ་ཐོབ་པའི་འགན་སྲུང་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གཞོན་ནུར་བརྩི་འཇོག་དང་། བསམ་ཤེས། ཡིད་ཆེས་བཅས་བྱེད་དགོས་པ་དང་གཞོན་ནུའི་འབོད་སྒྲ་ཉན་པ་དང་། གཞོན་ནུའི་བདེ་སྡུག་ལ་སེམས་ཁུར་བྱེད་པ། གཞོན་ནུ་འཚར་ལོངས་ཡོང་རྒྱུར་སྐུལ་མ་གཏོང་བ། གཞོན་ནུས་བྱ་གཞག་སྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་པ། རྒྱ་ཆེའི་གཞོན་ནུའི་གསོན་ཤུགས་དང་གསར་གཏོད་ནུས་པ་རྒྱུན་ཆད་མེད་པར་འཕེལ་བ་བཅས་བྱས་ཏེ་རྒྱ་ཆེའི་གཞོན་ནུར་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཐབ་ལམ་ཐོག་མཚར་སྡུག་བཀྲ་བའི་ལང་ཚོའི་གླུ་དབྱངས་མཐོན་པོར་ལེན་དུ་འཇུག་དགོས།

    ཁྲེན་ཆོན་གོས།

    2014ལོའི་ཟླ་5ཚེས་4ཉིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག