མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྔ་གཅིག་ངལ་གསོའི་དུས་ཚོད་སླེབས་ལ་ཉེ་བས་བོད་ལྗོངས་ཀྱིས་རྩེར་སོན་ཡུལ་སྐོར་ལམ་ཐིག་གཏོད་པ།

  ཡོང་ཁུངས། བོད་ལྗོངས་ཆ་འཕྲིན་ལྟེ་གནས།  2014-05-01 20:02

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལྔ་གཅིག་ངལ་གསོའི་དུས་ཚོད་སླེབས་ལ་ཉེ་བ་དང་བསྟུན་ནས་བོད་ལྗོངས་སུ་ཡུལ་སྐོར་ཆེས་ལེགས་པའི་དུས་ཚིགས་སླེབས་ཉེར་གྱི་མཚམས་འདིར་ཡུལ་སྐོར་ཚན་པ་དང་མགྲོན་ཁང་། ཡུལ་སྐོར་ལས་དོན་ཁང་བཅས་ཀྱིས་སྔོན་ནས་འབྲེལ་ཡོད་གྲ་སྒྲིག་ལེགས་པར་བྱས་ཡོད་པ་རེད།

གསར་འགོད་པས་ཤེས་རྟོགས་བྱུང་བར། བོད་ལྗོངས་ཀྱི་ཡུལ་སྐོར་ལས་དོན་ཆེ་གྲས་ཁག་གིས་གཅིག་རྗེས་གཉིས་མཐུད་དུ་ཁྱད་ལྡན་གྱི་ཡུལ་སྐོར་ལམ་ཐིག་སྣ་མང་བཏོན་ནས་ཡུལ་སྐོར་བར་གདམས་ག་བྱ་རྒྱུར་མཁོ་འདོན་བྱ་རྒྱུ་ཡིན་པ་དང་། དེའི་ཁྲོད་ཡུལ་སྐོར་ལམ་ཐིག་ལེགས་ཤོས་གསུམ་དམིགས་བསལ་དུ་ངོ་སྤྲོད་བྱ་རྒྱུ་ཡིན་པ་སྟེ། ལྷ་ས་—གནམ་མཚོ་—བྲག་གསུམ་མཚོ་—གནམ་ལྕགས་འབར་བ་—ཀླུ་ནང་གྲོང་རྡལ་ཆུང་བ་བཅས་བར་དང་། ལྷ་ས་—ཡར་འབྲོག་གཡུ་མཚོ་—གནའ་གྲོང་རྒྱལ་རྩེ་—བཀྲ་ཤིས་ལྷུན་པོ་དགོན་—ཇོ་མོ་གླང་མ་བར། ལྷ་ས་—ཡར་འབྲོག་གཡུ་མཚོ་—གྲི་གུ་རྩྭ་ཐང་—ཡུམ་བུ་བླ་མཁར་—ཁྲ་འབྲུག་དགོན་—བཙན་པོའི་བང་སོ་བཅས་བར་ཡིན་པ་རེད།

བོད་ལྗོངས་གནས་མཆོག་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་གི་རྒྱལ་ནང་པུའི་ཅིང་ལི་ཀེང་ལེང་གིས“ཟླ་བ་ལྔ་པའི་ཟླ་སྟོད་དུ་ཉིང་ཁྲིའི་ནགས་ཚལ་སྟུག་པོའི་ཁྲོད་ཚོན་མདོག་རྣམ་པར་བཀྲ་བའི་སྟག་མ་མེ་ཏོག་ལ་བལྟ་བའི་ཡུལ་སྐོར་འགྲོ་ལམ་གཏོད་རྒྱུ་ཡིན”ཞེས་བརྗོད།

དུས་མཚུངས། བོད་ཀྱི་མགྲོན་ཁང་ཁག་གིས་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་དང་འབྲེལ་ཁྱད་ལྡན་བཟའ་བཅའ་དང་། དམངས་སྲོལ་རོལ་མྱོང་། གནམ་ཐང་དུ་བསུ་སྐྱེལ་བྱེད་པ། དེ་བཞིན་དབྱང་ལྡན་སྤྲོ་ཁང་སོགས་གཏོད་རྒྱུ་ཡིན་པ་རེད། མ་ཟད་འཛམ་གླིང་གྱི་གྲགས་ཅན་ཨར་ཁང་ཤམ་བྷ་ལ་ཡང་ཉེ་སྔོན་ལྷ་སར་སྒོ་དབྱེ་བྱས་པ་དང་ཨར་ཁང་དེས་སྐུ་མགྲོན་རྣམས་ལ་ཕུན་སུམ་ཚོགས་པའི་དམིགས་ས་བློ་འདྲི་དང་ཡུལ་སྐོར་ལམ་ཐིག་ཁག འགྲིམ་འགྲུལ་བཀོད་སྒྲིག་བཅས་བྱེད་པ་མ་ཟད་ཚོང་དོན་མི་སྣར་ཚོང་དོན་གྱི་རོགས་སྐྱོར་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

ཡུལ་སྐོར་ཁྲོམ་རའི་སྒྲིལ་ལམ་ལེགས་པོ་ཡོང་རྒྱུར་འགན་ལེན་བྱ་ཆེད་བོད་ལྗོངས་ཡུལ་སྐོར་ཚན་པས་ཉེ་སྔོན་དངོས་སུ་དུས་ཡུན་ལོ་ཕྱེད་ཡིན་པའི་ཆེད་དོན་བཅོས་སྒྲིག་བྱ་འགུལ་འགོ་བཙུགས་པ་དང་གཙོ་གནད་ཐོག་ཡུལ་སྐོར་ལས་དོན་ཁང་གིས་སྣེ་ལེན་པའི་ཁྲིམས་འགལ་སྒྲིག་འགལ་དང་ཡུལ་སྐོར་ཉོ་སྒྲུབ་ཐད་མགོ་བསྐོར་བསླུ་བྲིད་སོགས་བྱ་ཐབས་ལ་ཆེད་དོན་བཅོས་སྒྲིག་བྱས་ནས་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད། གཞན་ཡང་། གསར་འགོད་པས་ད་དུང་ཤེས་རྟོགས་བྱུང་བར། ཉེ་དུས་ས་ཁུལ་ཁ་ཤས་ཀྱི་བོད་དུ་བསྐྱོད་མཁན་མེ་འཁོར་དང་གནམ་གྲུའི་སྤ་སེ་ཅུང་དཀོན་པས་ལྔ་གཅིག་ངལ་གསོའི་དུས་ཚོད་ཀྱི་སྔ་ནུབ་ཏུ་བོད་དུ་བསྐྱོད་ནས་ཡུལ་སྐོར་བྱེད་མཁན་གྱི་འཆར་གཞི་ཡོད་པའི་ཡུལ་སྐོར་བ་ཚོས་ངེས་པར་དུ་སྔོན་ཚུད་ནས་ཕྱིར་བསྐྱོད་བཀོད་སྒྲིག་ལེགས་པོ་བྱ་དགོས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག