མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུད་ཀྱི་ཚོགས་འདུ་འཚོགས་ཏེ་དཔལ་འབྱོར་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ།

ཁྲེན་ཆོན་གོས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-26 11:27

     ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས་23ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་ཚོགས་འདུ་འཚོགས་ཏེ་ལྗོངས་ཡོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་སྐོར་གྱི་སྙན་སེང་གསན་པ་དང་འབྲེལ་སླད་ཕྱིན་གྱི་དཔལ་འབྱོར་ལས་ཀར་ཞིབ་འཇུག་བཀོད་སྒྲིག་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འདི་ལོ་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་འཛུགས་ལོ་ཞིག་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པའི་འགག་རྩའི་ལོ་ཞིག་ཡིན་པས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བཅས་བྱས་ནས་སྒྱུར་བཅོས་གསར་གཏོད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་དང་ལྷུ་ཚིགས་ཁག་ཧྲིལ་པོར་ཁྱབ་པ་བྱས་ཏེ་གོ་སྐབས་བཟང་པོ་དམ་འཛིན་དང་དམིགས་ཚད་ཆེན་པོར་དམ་པོར་དམིགས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

    གཅིག་ནས་གོ་སྐབས་བཟང་པོ་དམ་འཛིན་ཡག་པོ་བྱེད་དགོས། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་བློ་གཅིག་སེམས་གཅིག་དང་འབད་འབུངས་ཧུར་བརྩོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་།

    གཉིས་ནས་དམིགས་ཚད་ཆེན་པོར་དམ་པོར་དམིགས་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་པའི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་དམིགས་ཚད་དང་།

    2020ལོར་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པའི་དམིགས་ཚད། བོད་ལྗོངས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བའི་དམིགས་ཚད་བཅས་ལ་དམ་པོར་དམིགས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ཞིབ་ཕྲ་བཟོས་ཏེ་ལས་འགན་རེ་རེ་བཞིན་དམ་འཛིན་ནན་པོ་བྱེད་པ་དང་། ཏན་ཏན་ཏིག་ཏིག་ངང་དོན་འཁྱོལ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་ཁོང་དུ་ནན་པོ་ཆུད་པ་བཅས་བྱས་ཏེ་ཕུགས་ཡུན་གྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས་པ།

    གསུམ་ནས་དམ་འཛིན་གསུམ་དོན་འཁྱོལ་ཡག་པོ་བྱེད་དགོས། ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་རྒྱུར་དམ་འཛིན་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བར་དམ་འཛིན་བཅས་བྱེད་དགོས་པ།

    བཞི་ནས་མ་འཇོག་གིས་སྐུལ་ཁྲིད་དང་། འཛད་སྤྱོད་ཀྱིས་སྐུལ་ཁྲིད། ཡུལ་སྐོར་གྱིས་སྣེ་ཁྲིད། སྒྱུར་བཅོས་ཀྱིས་སྐུལ་ཁྲིད། དངུལ་རྩས་འདེགས་སྐྱོར། སྲིད་ཇུས་ཀྱིས་སྐུལ་འདེད་བཅས་མཐའ་འཁྱོངས་བྱ་རྒྱུ་ལག་བསྟར་ཡག་པོ་བྱེད་དགོས་པ།

    ལྔ་ནས་འགན་ལེན་གཉིས་བྱེད་ཐུབ་པ་བྱེད་དགོས། སྣོད་བཅུད་ཁོར་ཡུག་ཡག་པོ་ཡོང་རྒྱུ་དང་དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་རྒྱུ་འགན་ལེན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་དང་རྒྱ་ཆེའི་གྲྭ་བཙུན་ཚོར་སྒྱུར་འཕེལ་བརྟན་གསུམ་གྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས་པ།

    དྲུག་ནས་འགན་འཁྲི་གཉིས་དོན་འཁྱོལ་བྱེད་དགོས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཚན་ཁག་ཁག་གཉིས་མཐའ་འཁྱོངས་བྱས་ཏེ་ཚན་ཁག་གཅིག་གིས་འཕེལ་རྒྱས་དམ་འཛིན་དང་ཚན་ཁག་གཞན་དེས་བརྟན་ལྷིང་དམ་འཛིན་བྱེད་དགོས་པ་མ་ཟད་ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་བྱས་ཏེ་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སེམས་ཤུགས་གཅིག་སྡུད་བྱས་ནས་དུས་བབ་ལ་དབྱེ་ཞིབ་ཡག་པོ་དང་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་སྟེ་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ།

    བདུན་ནས་ཕན་འབྲས་གཉིས་ཐོབ་པ་བྱེད་དགོས། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུ་གོ་སྐབས་སུ་བྱས་ཏེ་སྤྱོད་ཚུལ་སྒྱུར་བ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ། བརྟན་པོའི་ངང་འཕར་བ་བྱེད་པ། གྲུབ་ཆ་ལེགས་སྒྲིག་བྱེད་པ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་འདོགས་པ་བཅས་བྱས་ཏེ་བོད་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་དང་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཧུར་ཐག་བཏོད་དེ་འཕེལ་རྒྱས་དང་བརྟན་ལྷིང་གི་ཕན་འབྲས་ཡག་པོ་ཐོན་པ་བྱས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་ཞིང་བློ་ཡིད་ཚིམས་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པ་བཅས་རེད།

    

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག