མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྐབས་བཅུ་གཉིས་པའི་བོད་ལྗོངས་རི་འཛེག་འདུ་ཚོགས་ཟླ་10པར་གཉེར་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-17 10:17

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས་13ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྐབས་བཅུ་གཉིས་པའི་བོད་ལྗོངས་རི་འཛེག་འདུ་ཚོགས་དེ་ཟླ་10པར་གཉེར་རྒྱུ་ཡིན་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་རི་འཛེག་ལ་དགའ་པོ་བྱེད་མཁན་རྒྱ་ཆེའི་རི་འཛེག་པ་ཚོ་གདན་འདྲེན་ཞུ་རྒྱུ་ཡིན་པ་རེད།

    བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་རི་འཛེག་འདུ་ཚོགས་དེ་ཉིད་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་4300ཡོད་པའི་ཡངས་པ་ཅན་སྦྱོང་བརྡར་རྟེན་གཞིར་གཉེར་རྒྱུ་དང་། སྔོན་རྩིས་བྱས་ན་དུས་ཡུན་གཟའ་འཁོར་གཅིག་ཙམ་ཡིན་ཞིང་། སྔོན་ལ་རིགས་པའི་གཞུང་ལུགས་གསོ་སྦྱོང་དང་བཀོལ་སྤྱོད་དངོས་སྦྱོང་སྦྱོང་བརྡར་བྱས་རྗེས་རི་འཛེག་པ་རྣམས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་5200ཡོད་སར་ཁྲིད་དེ་གངས་འཁྱག་ཁྲོད་སྦྱོང་བརྡར་བྱ་རྒྱུ་ཡིན་པ་རེད། གཟུགས་གཞི་ཐང་པོ་ཡོད་ཚེ་དགེ་རྒན་གྱི་མཛུབ་ཁྲིད་དང་གཞོགས་འདེགས་འོག་རི་འཛེག་པ་ཚོས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་6206ཡོད་པའི་ཁྱི་རྩེ་རི་བོར་འཛེག་རྒྱུ་ཡིན་པ་རེད།

    འདི་ལོའི་རི་འཛེག་འདུ་ཚོགས་ནང་ད་དུང་ཞོལ་སྒང་ལའི་རི་འཛེག་དང་ཕྱི་རོལ་འགྲན་སློང་འགྲན་བསྡུར་བྱ་རྒྱུ་ཡིན་པ་སྟེ། “རྐང་འཁོར་འགྲན་བསྡུར་དང་རི་འཛེག་ཟུང་འབྲེལ”གྱི་ཕྱོགས་བསྡུས་རྣམ་གྲངས་སྤེལ་རྒྱུ་ཡིན་པ་དང་། རི་འཛེག་པ་ཚོས་ཡངས་པ་ཅན་རྟེན་གཞི་ནས་རྐང་འཁོར་བཞོན་ཏེ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་5300ཡོད་པའི་ཞོལ་སྒང་ལའི་ལ་གཤམ་དུ་བསྐྱོད་རྗེས་སླར་ཡང་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་5800ཡོད་པའི་ཞོལ་སྒང་ལ་རྩེར་འཛེག་རྒྱུ་ཡིན་པ་རེད། ཉི་མ་ཚེ་རིང་གིས“འགྲན་བསྡུར་དེའི་དཀའ་ཚད་ཅུང་ཆུང་བ་དང་སྤྲོ་སྣང་ལྡན་ཚད་ཆེ་བས་རི་འཛེག་དང་རྐང་འཁོར་ལ་དགའ་པོ་བྱེད་མཁན་ཚོས་མིང་ཐོ་བཀོད་ནས་ཞུགས་ཆོག”ཅེས་བཤད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག