མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཁྲོན་བོད་གཞུང་ལམ་ཐང་སྨད་ཟམ་ཆེན་ཉེ་འདབས་ཀྱི་རི་ཉིལ་བའི་ལམ་དུམ་སྤྱིར་ན་ཤར་གཏོང་ཐུབ་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-17 10:17

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས་14ཉིན་གསར་འགོད་པས་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་སྲིད་གཞུང་ནས་ཤེས་རྟོགས་བྱས་པར། ཚེས་13ཉིན་རི་ཉིལ་བའི་ཁྲོན་བོད་གཞུང་ལམ་ཐང་སྨད་ཟམ་ཆེན་ཉེ་འདབས་ཀྱི་བྲག་རི་གཡང་གཟར་ལམ་དུམ་དུ་ཆུ་ཚོད་10ལྷག་ཙམ་ཛ་དྲག་ངང་ལམ་བཤང་བརྒྱབ་པ་བརྒྱུད་ཚེས་14ཉིན་གྱི་དགོང་མོའི་ཆུ་ཚོད་12སྐབས་གཞུང་ལམ་ཤར་གཏོང་ཐུབ་ཡོད། མིག་སྔར་འགྲིམ་འགྲུལ་སྡེ་ཚན་གྱིས་ལས་དོན་མི་སྣ་རི་ཉིལ་སའི་ཁུལ་དུ་སྲུང་བྱ་བྱེད་དུ་བཅུག་ནས་འགྲོ་འོང་བྱེད་མཁན་རླངས་འཁོར་ལ་ཁྲིད་སྟོན་དང་ཉེ་འཁོར་གྱི་མི་མངོན་པའི་རྐྱེན་ངན་ལ་ལྟ་ཞིབ་བྱེད་པ་དང་དུས་མཚུངས་རི་ཉིལ་བའི་ལམ་དུམ་མུ་མཐུད་རྒྱ་ཆེར་གཏོང་བའི་འགན་འཁུར་བཞིན་ཡོད་པ་རེད།

    སྤོ་བོ་རྫོང་གི་རྫོང་དཔོན་གཞོན་པ་མ་ཧའེ་ཝུན་གྱིས་ཚེས་14ཉིན་གྱི་དགོང་མོའི་ཆུ་ཚོད་12བར་ཤར་གཏོང་ལས་སྒྲུབ་མི་སྣ་ཡོངས་ཀྱི་ཐུན་མོང་འབད་འཐབ་འོག་ཁྲོན་བོད་གཞུང་ལམ་ཐང་སྨད་ཟམ་ཆེན་ཉེ་འདབས་ཀྱི་བྲག་རི་གཡང་གཟར་ལམ་དུམ་སྤྱིར་ན་གཙང་བཤངས་དང་སླར་གསོ་ཐུབ་ནས་རླངས་འཁོར་ཆུང་གྲས་དང་ཟོག་འདྲེན་རླངས་འཁོར་སླར་གསོ་ཤར་གཏོང་ཐུབ་པ་དང་དེ་གར་ལུས་པའི་འཁོར་རིགས་བརྒྱ་ལྷག་ཙམ་ཚང་མ་ཤར་གཏོང་ཐུབ་ཡོད། མིག་སྔར་རླངས་འཁོར་གཅིག་ཀྱང་ལུས་མེད་པ་དང་རླངས་འཁོར་ཤར་གཏོང་གི་སྒྲིག་ལམ་ཡག་པོ་ཡོད་ཅེས་ངོ་སྤྲོད་བྱས། དེ་དང་དུས་མཚུངས་འགྲིམ་འགྲུལ་སྡེ་ཚན་གྱིས་ལས་དོན་མི་སྣ་6(སི་ཁྲོན་ལམ་ཟམ་ལས་དོན་མི་སྣ་3དང་ཐང་སྨད་རིམ་པ་གཉིས་པའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་3)རི་ཉིལ་སར་སྲུང་བྱ་བྱེད་དུ་བཅུག་ནས་འགྲོ་འོང་བྱེད་མཁན་མི་སྣ་དང་རླངས་འཁོར་གྱི་བདེ་འཇགས་འགན་ལེན་བྱས་པ་མ་ཟད། རི་ཉིལ་བའི་ལམ་དུམ་མུ་མཐུད་ཛ་དྲག་ངང་རྒྱ་ཆེར་གཏོང་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་རྫོང་དུ་ས་ཡོམ་བརྒྱབ་པ་དང་བསྟུད་མར་ཆར་པ་བབས་པའི་རྐྱེན་གྱིས་ཚེས་13ཉིན་གྱི་ཆུ་ཚོད་8དང་སྐར་མ་50ལྷག་ཙམ་ལ་ཁྲོན་བོད་གཞུང་ལམ་ཐང་སྨད་ཟམ་ཆེན་ཉེ་འདབས་ཀྱི་བྲག་རི་གཡང་གཟར་ཁྲོད་ཀྱི་སྨི་75ཡོད་པའི་ལམ་དུམ་དུ་རི་ཉིལ་རུང་སྟབས་ལེགས་པ་ཞིག་ལ་མི་སྣ་ཤི་རྨས་བྱུང་མེད་པ་རེད།(རིག་འཛིན་རྡོ་རྗེས་བསྒྱུར། བཀྲ་ཤིས་དང་རིག་རྡོར་གྱིས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག