མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་སློབ་གྲྭའི་རླངས་འཁོར་ལ་གནས་ཚུལ་མི་ལྷག་པ་བྱེད་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-16 09:53

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་གསོ་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཁྲེང་ཀོན་ཆུས་ཁོངས་གཏོགས་ཀྱི་སློབ་གྲྭ་ཁག་ལ་སློབ་གྲྭའི་རླངས་འཁོར་གྱི་བདེ་འཇགས་དོ་དམ་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་དུ་བཅུག་པ་དང་སློབ་གྲྭའི་རླངས་འཁོར་གྱི་བདེ་འཇགས་འཁོར་སྐྱོད་དོ་དམ་བྱ་ཤུགས་ཆེ་རུ་བཏང་ནས་དགེ་སློབ་གཉིས་ཀའི་འགྲུལ་བཞུད་བདེ་འཇགས་ཡོང་བ་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། འགན་འཁྲིའི་ཡི་གེའི་ནང་། སློབ་གྲྭ་ཁག་གིས་ངེས་པར་དུ་གོང་ཞུ་བཀའ་ཁྲོལ་འགྲོ་ལུགས་ནན་པོ་གཉེར་ནས་སློབ་གྲྭས་དགེ་སློབ་ཕྱིར་བསྐྱོད་རྒྱུ་སོགས་ཀྱི་མཉམ་སྡེབ་བྱེད་སྒོར་རླངས་འཁོར་དགོས་རིགས་ལ་ཁྲེང་ཀོན་ཆུས་སློབ་གསོ་ལུས་རྩལ་ཅུས་དང་རྒྱབ་ཕྱོགས་མཁོ་སྒྲུབ་རུ་ཆེན་ཁག་ཏུ་ཐོ་འགོད་པར་ཡོང་དགོས་པ་དང་། རླངས་འཁོར་བོགས་མར་ལེན་ཚེ་ངེས་པར་དུ་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་ཞིང་བདེ་འཇགས་འགན་ལེན་ཐུབ་པའི་འགྲུལ་སྐྱེལ་རླངས་འཁོར་གླ་དགོས་པ། ལོ་གསུམ་ཡན་རླངས་འཁོར་བཏང་བའི་ཉམས་མྱོང་དང་བཏང་ཆོག་པའི་འབྲེལ་ཡོད་རླངས་འཁོར་ཆེ་ཆུང་གང་ཡིན་དང་། དེ་བཞིན་འགྲུལ་བཞུད་ལམ་ཐིག་ལ་རྒྱུས་མངའ་ཡོད་དགོས་པ། སློབ་གྲྭས་ཁྱིམ་བདག་སོ་སོས་སྒྲིག་འཛུགས་དང་མཉམ་དུ་གླས་པའི་སློབ་མ་སྐྱེལ་བསུའི་རླངས་འཁོར་དང་དུས་བཀག་ནང་སློབ་གྲྭའི་ཉེ་འཁོར་དུ་སློབ་མ་སྐྱེལ་བསུའི་སྤྱི་ཚོགས་ཀྱི་རླངས་འཁོར་རིགས་ལ་སློབ་གྲྭས་ཐོ་འགོད་བྱས་ནས་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་ཞུ་དགོས་པ། སློབ་གྲྭས་སྒེར་གྱི་རླངས་འཁོར་སློབ་གྲྭར་སྤྱོད་རྒྱུ་གཏན་འགོག་བྱ་རྒྱུ་མ་ཟད། ཁ་ལོ་བའི་ལག་ཁྱེར་ཐོབ་ཐང་མེད་རིགས་ལ་སློབ་གྲྭའི་རླངས་འཁོར་གཏོང་དུ་འཇུག་མི་རུང་། མཚོན་རྟགས་མེད་པའི་སློབ་གྲྭའི་རླངས་འཁོར་གྱིས་སློབ་མ་སྐྱེལ་བསུ་བྱེད་མི་ཆོག་པ་བཅས་ཀྱི་གཏན་འབེབས་བྱས་ཡོད།

    གཞན་ཡང་། ཁྲེང་ཀོན་ཆུས་སློབ་གསོ་ལུས་རྩལ་ཅུས་ཀྱིས་སློབ་གྲྭ་ཁག་གི་སློབ་གྲྭའི་རླངས་འཁོར་གྱི་བདེ་འཇགས་དོ་དམ་ལམ་ལུགས་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ནས་སློབ་གྲྭའི་རླངས་འཁོར་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་མ་ཟད། སློབ་གྲྭའི་རླངས་འཁོར་འགྲུལ་བཞུད་བདེ་འཇགས་ཀྱི་འཕྲལ་སྡོམ་སྔོན་ཇུས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སློབ་གྲྭའི་རླངས་འཁོར་དོ་དམ་དང་ཞིབ་བཤེར་བྱ་བར་ཤུགས་སྣོན་བརྒྱབ་སྟེ་འགྲུལ་བཞུད་བདེ་འཇགས་ཡོང་བ་བྱ་རྒྱུ། འབྲེལ་ཡོད་ཀྱི་འགན་འཁྲི་གཙང་ཁུར་ཐོག་སློབ་གྲྭས་སློབ་གྲྭའི་རླངས་འཁོར་ལ་མཚོན་རྟགས་ཡོད་མེད་དང་རླངས་འཁོར་གཏོང་ཆོག་པའི་ཐོབ་ཐང་གཉེར་རྒྱུར་ལྟ་སྐུལ་བྱས་ནས་ཉེན་ཁའི་རྐྱེན་ངན་བསལ་རྒྱུ། ཆེད་མིས་སློབ་གྲྭའི་རླངས་འཁོར་གྱི་དོ་དམ་ལས་ཀར་འཁུར་བའི་འགན་གསལ་པོ་བཟོས་པའི་ཐོག་སློབ་གྲྭའི་རླངས་འཁོར་དང་། ཁ་ལོ་བ། རླངས་འཁོར་གཏོང་ཚུལ་སོགས་རྩ་བའི་གནས་ཚུལ་ཞིབ་ཕྲ་ཤེས་པ་བྱས་ནས་སློབ་གྲྭའི་རླངས་འཁོར་དང་སློབ་གྲྭའི་ཁ་ལོ་བ་ཚང་མར་ཐོ་འགོད་བྱ་རྒྱུ་བཅས་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག