མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

འགྱུར་མེད་གསུམ་དང་། འཐུས་ཚང་གསུམ། གཅིག་གྱུར་བཞི།

ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཅིག་གྱུར་གྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་སྐོར་གྱི་སྒྲིལ་གླེང་།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-16 09:52

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་འགན་ལེན་དང་ལེགས་གཏོང་ལས་དོན་ལ་མཐོང་ཆེན་པོ་བྱེད་པ་དང་། སེམས་ལ་དམངས་འཚོ་འཆང་བ། ཚན་རིག་དང་མཐུན་པའི་སྒོ་ནས་ཐབས་ཇུས་གཏན་འབེབས་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་འགན་ལེན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ཅིང་། 2009ལོ་དང་2011ལོར་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་ཀྱི་ཚོད་ལྟའི་ལས་དོན་སྔ་རྗེས་སུ་སྤེལ་བ་དང་འབྲེལ་ལམ་ལུགས་གཉིས་ཡོངས་སུ་ཁྱབ་པ་བྱས་ཡོད།

    འདི་ལོའི་ལོ་སྟོད་དུ་ལྗོངས་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཅིག་གྱུར་གྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་བཟོ་བའི་ལས་དོན་ལེགས་པར་བསྒྲུབ་རྒྱུ་དང་ཁྱབ་གདལ་གཏོང་རྒྱུ་རེད།

    2013ལོའི་ལོ་འགོར་རང་ལྗོངས་ཀྱིས་ལམ་ལུགས་བསྡུ་སྒྲིལ་མ་བྱས་གོང་གི་དུས་འགོའི་གྲ་སྒྲིག་ལས་དོན་སྤེལ་འགོ་བཙུགས་ཤིང་། བོད་ཀྱི་གནས་ཚུལ་དང་ཟུང་འབྲེལ་གང་ལེགས་བྱས་པའི་རྨང་གཞིའི་ཐོག་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གཉིས་བསྡུ་སྒྲིལ་ལག་བསྟར་དང་དེ་བཞིན་རྩེ་རིམ་ཇུས་འགོད་བྱེད་འགོ་བཙུགས་ཏེ་རྨང་གཞིའི་རྒན་གསོའི་དངུལ་ལེགས་སྒྲིག་དང་། མང་སྤྲོད་ཐོབ་མང་གི་ལྕག་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། དམིགས་བསལ་ཁྱུ་ཚོགས་འགན་བཅོལ་ནང་ཞུགས་ཚུལ་ཚད་ལྡན་དུ་གཏོང་རྒྱུ་སོགས་ཀྱི་གནད་དོན་གཙོ་བོར་བཟུང་ནས་བརྟག་ཞིབ་བྱས་ཡོད། བརྟག་ཞིབ་དང་། བཞུགས་མོལ། འདྲི་ཤོག་རྟོག་ཞིབ་སོགས་བྱེད་ཐབས་སྤྱད་དེ་སྡེ་ཚན་ཁག་དང་ས་ཁུལ(གྲོང་ཁྱེར)ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ནས་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་འགན་བཅོལ་ལམ་ལུགས་གཅིག་གྱུར་འཆར་འགོད་དང་བསྡུ་སྒྲིལ་བྱ་ཕྱིར་གྲ་སྒྲིག་གང་ལེགས་བྱས་ཡོད། རྨང་གཞི་དེའི་ཐོག་རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་འཛུགས་རྒྱུའི་ལག་བསྟར་བྱ་ཐབས་ཞིབ་འཇུག་གིས་བཟོས་པ་དང་མིག་སྔར་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་བཞིན་ཡོད། སྔོན་དཔག་བྱས་ན་རང་ལྗོངས་ཀྱིས་འདི་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་གཅིག་ཏུ་གྱུར་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་བཟོ་བའི་ལས་དོན་ལེགས་པར་བསྒྲུབ་རྒྱུ་དང་འབྲེལ་ཁྱབ་གདལ་ཡང་གཏོང་རྒྱུ་ཡིན་པ་ རེད།

    མིག་སྔར་རང་ལྗོངས་ཀྱིས་གཅིག་ཏུ་གྱུར་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་ཀྱི་སྲིད་ཇུས་འབྲེལ་མཐུད་དང་། ཚད་གཞི་གཅིག་གྱུར། ཐོན་ཁུངས་བསྡུ་སྒྲིལ་སོགས་ཀྱི་དུས་འགོའི་གྲ་སྒྲིག་ལས་དོན་ཁག་དུས་ཚོད་དམ་འཛིན་གྱིས་སྤེལ་བ་དང་། ལས་དོན་ཁག་གི་འཕེལ་རིམ་བདེ་བླག་བྱུང་བ། དུས་མཚུངས་སུ་རྨང་གཞིའི་རྒན་གསོའི་མ་དངུལ་ལེགས་སྒྲིག་ལམ་སྲོལ་བཙུགས་ཏེ་རྒྱལ་ཁབ་ཀྱི་གཏན་འབེབས་དང་། དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ། ཟོག་གོང་འཕར་ཆག་བྱུང་ཚུལ་སོགས་ལ་གཞིགས་ནས་ལེགས་སྒྲིག་འོས་འཚམ་བྱ་རྒྱུ་རེད།

    རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱིས་ཞིབ་འཇུག་བྱས་ནས་བཟོས་པའི“བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་ལག་བསྟར་བྱ་ཐབས”དེ་ལམ་ལུགས་མ་དཔེ་དང་། མ་དངུལ་གྲབས་གསོག་ཐབས་ལམ། ཐོབ་ཐང་གཏོང་སྤྲོད་གྲུབ་ཆ་སོགས་ཀྱི་ཐད་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་དང་སྤྱིར་ན་གཅིག་མཐུན་ཡིན་པ་དང་གཙོ་གནད་དུ་མ་དངུལ་གྲབས་གསོག་དང་། མི་སྒེར་གྱི་ཐོ་ཁོངས་དོ་དམ། རྒན་གསོ་འགན་བཅོལ་ཀྱི་ཐོབ་ཐང་དང་ཐོབ་ལེན་ཆ་རྐྱེན། ལམ་ལུགས་འབྲེལ་མཐུད། མ་དངུལ་ལྟ་སྐུལ་དོ་དམ་དང་འགན་འཁྲི། གཉེར་སྒྲུབ་དོ་དམ་ཞབས་ཞུ་དང་ཆ་འཕྲིན་ཅན་གྱི་དོ་དམ། རྩ་འཛུགས་འགོ་ཁྲིད་དང་འགན་འཁྲི་ཁག་བགོས་སོགས་ཐད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་སྲིད་ཇུས་བཟོས་པ་དང་། ཚད་ལྡན་དུ་བཏང་བ། འཐུས་སྒོ་ཚང་དུ་བཏང་བ་བཅས་ཡོད་པ་རེད། རང་ལྗོངས་ཀྱི་སྲིད་ཇུས་ཀྱི་ཐོག་ནས་དྲང་གཞག་དང་། ཕན་པ་ཀུན་ཁྱབ། རྒྱུན་མཐུད་བཅས་ཀྱི་རྩ་བའི་བསམ་གཞི་གང་ལེགས་མངོན་གྱི་ཡོད། མདོར་བསྡུས་ནས་བརྗོད་ན་ལྗོངས་ཡོངས་སུ་གཅིག་ཏུ་གྱུར་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་རིང་མིན་ལེགས་གྲུབ་ཡོང་རྒྱུ་དང་ཁྱབ་གདལ་ཐུབ་རྒྱུ་ཡིན་པ་གཙོ་བོ“འགྱུར་མེད་གསུམ”དང་། “འཐུས་ཚང་གསུམ”“གཅིག་གྱུར་བཞི”བཅས་ཀྱི་ཐོག་ནས་མངོན་གྱི་ཡོད། “འགྱུར་མེད་གསུམ”ཏེ་སྤྱི་ཚོགས་ཀྱིས་གཅིག་གྱུར་འཆར་འགོད་བྱ་རྒྱུ་དང་མི་སྒེར་གྱི་རྩིས་ཐོ་གཉིས་ཟུང་དུ་སྦྲེལ་བའི་ལམ་ལུགས་འགྱུར་བ་མེད་པ་དང་། མི་སྒེར་གྱིས་གྲོན་དངུལ་སྤྲོད་པ་དང་། མཉམ་སྡེབ་ཀྱིས་ཁ་གསབ་རོགས་རམ་བྱེད་པ། སྲིད་གཞུང་གིས་ཁ་གསབ་སྤྲོད་པ་བཅས་ཟུང་དུ་སྦྲེལ་བའི་མ་དངུལ་གྲབས་གསོག་ཐབས་ལམ་འགྱུར་བ་མེད་པ། རྨང་གཞིའི་རྒན་གསོའི་དངུལ་དང་མི་སྒེར་གྱི་རྩིས་ཐོའི་ནང་གི་རྒན་གསོའི་དངུལ་ཟུང་དུ་སྦྲེལ་བའི་ཐོབ་ཐང་གཏོང་སྤྲོད་སྲིད་ཇུས་འགྱུར་བ་མེད་པ་བཅས་གསུམ་རེད།“འཐུས་ཚང་གསུམ”ཏེ་ཡུན་སྤྲོད་ཐོབ་མང་དང་མང་སྤྲོད་ཐོབ་མང་སོགས་ལྕག་སྐུལ་ལམ་སྲོལ་ལག་བསྟར་ཤུགས་ཆེན་བྱེད་པ་དང་། རྨང་གཞིའི་རྒན་གསོའི་དངུལ་རྒྱུན་གཏན་ལེགས་སྒྲིག་ལམ་སྲོལ་འཛུགས་པ། ཞབས་ཞུའི་དྲ་བ་འཐུས་ཚང་དུ་གཏོང་བ། དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས་འགན་ཞུགས་གྲོང་མིར་སྟབས་བདེ་ལ་མགྱོགས་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དེ་རེད།“གཅིག་གྱུར་བཞི”སྟེ་ལམ་ལུགས་ཀྱི་མིང་གཅིག་གྱུར་བཟོ་རྒྱུ་དང་། སྲིད་ཇུས་ཚད་གཞི་གཅིག་གྱུར་བཟོ་རྒྱུ། དོ་དམ་ཞབས་ཞུ་གཅིག་གྱུར་བཟོ་རྒྱུ། ཆ་འཕྲིན་མ་ལག་གཅིག་གྱུར་བཟོ་རྒྱུ་བཅས་རེད།

    གཞན་ཡང་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་ཀྱི་ཚོད་ལྟའི་ལས་དོན་2009ལོའི་ཟླ་བ་བཅུ་གཅིག་པ་དང་2011ལོའི་ཟླ་བ་དང་པོར་ལྗོངས་ཡོངས་སུ་སྤེལ་འགོ་བཙུགས་ཡོད། 2010ལོའི་ཟླ་བ་བཅུ་གཅིག་པར་ལྗོངས་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)74དང་ཤང(གྲོང་རྡལ)682ཚང་མ་དུས་ཡུན་ལོ་གཅིག་དང་ཁག་གཉིས་སུ་བགོས་ནས་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་ཚོད་ལྟའི་སྒོ་ནས་ལག་ལེན་བསྟར་བའི་ཁྱབ་ཁོངས་སུ་བཅུག་སྟེ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་ཡོངས་སུ་ཁྱབ་པར་བྱེད་པའི་ལས་དོན་དང་ཐོག་ལེགས་པར་བསྒྲུབས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་གཏན་ལ་ཕབ་པའི“2012ལོའི་གོང་དུ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་རྩ་བའི་ཆ་ནས་ཡོངས་སུ་ཁྱབ་པར་བྱེད་དགོས་པའི”དམིགས་ཚད་དུས་བཀག་གི་ལོ་གཉིས་སྔོན་དུ་མངོན་འགྱུར་བྱས་པ། 2011ལོའི་ཟླ་བ་དང་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་ལྗོངས་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)74རུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་ལམ་ལུགས་གཉིས་ཡོངས་སུ་ཁྱབ་པར་བྱས་པ་དང་ལམ་ལུགས་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་ལེན་གྱི་གནད་དོན་ཐག་གཅོད་བྱས་པར་མི་རིགས་ཁག་གི་མང་ཚོགས་ཀྱི་དགའ་བསུ་དང་བརྩི་བཀུར་ཡོངས་ཁྱབ་ཏུ་ཐོབ་ཡོད་པ་རེད།

    2013ལོའི་ལོ་མཇུག་བར་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གཉིས་ནང་ཞུགས་མཁན་ཁག་སོ་སོར་མི་གྲངས་ཁྲི་130.54དང་7.44ཟིན་ཡོད་པ་རེད།

    (སྤེན་ཚེས་བསྒྱུར། སྤེན་ཚེ་དང་བཀྲ་ཤིས་ཚེ་དབང་གིས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག