མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་བཅའ་ཁྲིམས་ལག་བསྟར་བྱ་ཐབས་ བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-04-15 10:25

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས〉ཀྱི་ལག་བསྟར་བྱ་ཐབས(བསྡུས་མིང་ལ《བྱ་ཐབས》ཟེར)》ལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་དགུ་པའི་ཐོག་གྲོས་འཆམ་བྱུང་བ་དང་།ཟླ་6ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་དེ་ཐོག་ནས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུ་དེ་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད་པ་རེད།

    བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་ཅིང་།དེས་མངོན་པའི་མི་རིགས་རང་བཞིན་དང་།ཐུན་མོང་མ་ཡིན་པའི་རང་བཞིན།སྣ་མང་རང་བཞིན་བཅས་ཀྱི་ཐོག་ནས་སྲུང་སྐྱོབ་བྱ་ཐབས་ཀྱང་སྣ་མང་ཡིན་དགོས་པ་གཏན་འཁེལ་བྱས་ཡོད།མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་བཅའ་ཁྲིམས་ཀྱི་ཕན་འབྲས་ལྡན་པ་དང་ཚན་རིག་དང་།ཁྱོན་ཡོངས།བརྒྱུད་རིམ་ལྡན་པ་བཅས་ཀྱི་སྒོ་ནས་ད་ལྟའི་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མྱུར་སྐྱོབ་དང་སྲུང་སྐྱོབ་བྱ་ཆེད་བོད་ཀྱིས་2011ལོ་ནས་མངོན་མིན་རིག་གནས་ཤུལ་བཞག་གི་དུས་འགོའི་ཁྲིམས་འཛུགས་བརྟག་ཞིབ་ལས་དོན་སྤེལ་འགོ་ཚུགས་པ་དང་འབྲེལ་2013ལོའི་ལོ་འགོར་ཁྲིམས་འཛུགས་འཆར་གཞིའི་ནང་དངོས་སུ་བཅུག་པ་རེད།

    《བྱ་ཐབས》ནང་བོད་ཀྱི་ས་ཁོངས་ཀྱི་དམིགས་བསལ་རང་བཞིན་ལ་གཞིགས་ནས་རང་སྐྱོང་ལྗོངས་དང་།གྲོང་ཁྱེར(ས་ཁུལ) རྫོང(གྲོང་ཁྱེར་དང་ཆུས)བཅས་རིམ་གསུམ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་གི་མ་ལག་ཅིག་བཙུགས་པ་དང་།རྫོང་རིམ་པ་ཡན་གྱིས་སྲུང་སྐྱོབ་སྒྲིག་གཞི་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་འབྲེལ་མཁོ་བའི་མ་དངུལ་ཚང་མ་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་བཅུག་སྟེ་རིམ་བཞིན་མང་དུ་གཏོང་དགོས་པའི་བླང་བྱ་བཏོན་པ།རྣམ་གྲངས་སྲུང་སྐྱོབ་ཚན་པ་དང་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་སྒུལ་རྣམ་དོ་དམ་བྱེད་རྒྱུ་སོགས་ཡོད་པ་རེད།

    ཉེ་བའི་ལོ་ཤས་ནང་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་དང་།མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་མཐོང་ཆེན་བྱ་ཤུགས་དང་སྲུང་སྐྱོབ་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་།རྒྱུན་ཆད་ཉེར་ཡོད་པ་དང་རབ་ཆད་ཉེར་ཡོད་པའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དེ་དག་ནས་བཀྲག་མདངས་གསར་པ་འཚེར་བ་དཔེར་ན།སྲོལ་རྒྱུན་གྱི་ལྷ་མོ《པད་མ་འོད་འབར》ཞེས་པ་དེ་ཆེད་ལས་ཟློས་གར་ཚོགས་པས་འཐུས་ཚང་དུ་བཏང་རྗེས་ན་ནིང་ལྟད་མོ་བར་སྤྱན་འབུལ་ཞུས་པ་རེད།

    མིག་སྔའི་བར་བོད་ཀྱིས་ལྗོངས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རིགས་དང་།གྲངས་འབོར།ཁྱབ་ཚུལ་བཅས་གཞི་རྩའི་ཆ་ནས་མཐིལ་རྟོགས་བྱས་ཤིང་།ལྷ་མོ་དང་གླིང་སྒྲུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་གཞུང་ནང་བཅུག་པ་ཕུད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་76དང་།རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྒྱུན་འཛིན་པ་68 རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་རྣམ་གྲངས323 རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྒྱུན་འཛིན་པ་227དང་དེ་བཞིན་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་རྣམ་གྲངས་814བཅས་དམངས་ཁྲོད་ཀྱི་རྩོམ་རིག་དང་།སྲོལ་རྒྱུན་རོལ་དབྱངས།སྲོལ་རྒྱུན་ཞབས་བྲོ།སྲོལ་རྒྱུན་ལྷ་མོ།གཞས་མ་གཏམ།ལུས་རྩལ་རྩལ་རྩེད།སྲོལ་རྒྱུན་མཛེས་རིས།སྲོལ་རྒྱུན་སྒྱུ་རྩལ།སྲོལ་རྒྱུན་གསོ་རིག་དང་སྨན་རྫས།དམངས་སྲོལ་སོགས་རིགས་10དང་འབྲེལ་བ་ཡོད་པ་དེའི་ནང་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ཀྱི་རིགས་ཚང་མ་ཚུད་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག