མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

པད་མ་འཕྲིན་ལས་ཀྱིས་གཞིས་རྩེ་ས་ཁུལ་ལྷ་རྩེ་རྫོང་གི་གཞི་རིམ་ལས་དོན་ལ་རྟོག་ཞིབ་དང་འབྲེལ་མཛུབ་ཁྲིད་ཀྱང་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-15 10:02

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་10ནས་ཚེས་12ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་གཞིས་རྩེའི་ལྷ་རྩེ་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་དང་འཕེལ་རྒྱས་བརྟན་ལྷིང་གི་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བ་རེད།

    ལྷ་རྩེ་གྲོང་རྡལ་ཚོགས་པོ་གྲོང་ཚོའི་དུད་ཚང་དབུལ་པོ་ཚེ་རིང་ནི་པད་མ་འཕྲིན་ལས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཆ་སྒྲིག་དུད་ཚང་ཡིན་ཞིང་། ན་ནིང་ཟླ་བ་བདུན་པར་པད་མ་འཕྲིན་ལས་ཚེ་རིང་ཁྱིམ་དུ་བཞུགས་པ་དང་མི་ཕྱུགས་མཉམ་སྡོད་ཀྱི་ཉེན་ཁ་ཡོད་པའི་ས་ཁང་རྙིང་པས་ཁོང་ལ་བག་ཆགས་གཏིང་ཟབ་བྱུང་ཡོད། པད་མ་འཕྲིན་ལས་ཀྱི་རོགས་སྐྱོར་འོག་ན་ནིང་ཟླ་བ་བཅུ་པར་ཚེ་རིང་ལ་ཁང་པ་སླར་ཡང་བརྒྱབ་པ་རེད།

    ཚེ་རིང་གི་ཁང་པ་གསར་རྐྱང་དེའི་ནང་སྐྱོད་སྐབས་སྒོ་ར་གཙང་ཞིང་གྲལ་འགྲིག་པ་དང་མི་ཕྱུགས་ལོགས་སུ་སྡོད་པ། ཐོག་སོ་གཉིས་པའི་མགྲོན་བསུ་ཁང་དུ་ཉི་འོད་འཕྲོ་ཞིང་པད་མ་འཕྲིན་ལས་ཀྱིས“གྲོགས་པོ་རྙིང་པ”ཚེ་རིང་ཁང་པ་གསར་པ་སྤོས་པར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་ཁོང་གིས་སྐེད་པའི་རྨ་ཁ་དྲག་འདུག་གམ། ད་ལྟ་ཕྲུ་གུ་གཉིས་ཀྱི་སྦྱངས་འབྲས་ཇི་ལྟར་འདུག་གམ། ད་དུང་དཀའ་ངལ་ཅི་ཞིག་ཡོད་དམ། སློབ་གསོ་ལག་ལེན་བྱེད་སྒོར་བསམ་འཆར་གང་ཞིག་ཡོད་དམ་ཞེས་བཀའ་འདྲི་གནང་། ཚེ་རིང་གིས“མང་ཚོགས་དང་ལས་བྱེད་པའི་དབར་གྱི་འབྲེལ་བ་ཧ་ཅང་ཡག་པོ་ཡོད།ང་ད་ལྟ་རྨ་ཁ་གསོ་བཞིན་ཡོད། དྲག་སྐྱེས་བྱུང་རྗེས་སོ་སོས་ལྕོགས་ཚོད་ཀྱིས་ལས་ཀ་བྱས་ནས་འཚོ་བ་དེ་བས་ཡག་པོ་ཡོང་བ་བྱ་རྒྱུ་ཡིན”ཞེས་ལན་ཕུལ།

    ཆུ་ཤར་གྲོང་རྡལ་ཆུ་ཤར་གྲོང་ཚོར་ཆ་སྒྲིག་དུད་ཚང་མིག་དམར་སྒྲོལ་ལགས་ཁྱིམ་གྱི་གྱང་སྡེབས་སུ་མིག་དམར་སྒྲོལ་ལགས་ཀྱི་ནང་མི་དང་པད་མ་འཕྲིན་ལས་མཉམ་དུ་བརྒྱབ་པའི་པར་བཀལ་ཡོད། མིག་དམར་སྒྲོལ་ལགས་ཀྱི་བུ་མོ་ཆེ་བ་ཟླ་བ་སྒྲོལ་མ་ན་ནིང་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་དུ་རྒྱུགས་འཕྲོད་ཡོད། པད་མ་ཕྲིན་ལས་ཀྱིས“རེས་གཟའ་སྤེན་པ་ཤར་རིམ་བཞིན་ངས་བུ་མོ་ཁྱིམ་དུ་འབོད་ཀྱི་ཡོད། ཐོག་མར་འཚེར་སྣང་བྱེད་པ་དང་ད་ལྟ་ངའི་ཚ་བོ་དང་ཚ་མོ་དང་འཆམ་པོ་འདུག”ཅེས་གསུངས་པ་དེ་མིག་དམར་སྒྲོལ་ལགས་ཀྱིས་ཐོས་རྗེས་མིག་ཞག་འཁོར་ནས“བུ་མོས་གཟའ་འཁོར་རེར་ང་ལ་ཁ་པར་རེ་རྒྱག་པ་དང་སྤོ་ལགས་ཀྱིས་ང་ལ་ནང་མི་ལྟར་ཡག་པོ་གནང་གི་འདུག་ཅེས་ཤོད་ཀྱི་འདུག བུ་ཆུང་བ་བཀྲ་ཤིས་ཕུན་ཚོགས་ད་ལོ་དམའ་རིམ་ལོ་རིམ་གསུམ་པ་ཡིན་པ་དང་གཅེན་མོ་མིག་དཔེར་འཛིན་ནས་སློབ་སྦྱོང་ཡག་པོ་བྱས་ཏེ་སློབ་གྲྭ་ཡག་པོ་ཞིག་ལ་རྒྱུགས་འཕྲོད་པ་བྱེད་ཀྱི་ཡིན་ཞེས་ཤོད་ཀྱི་འདུག”ཅེས་ཞུས། པད་མ་འཕྲིན་ལས་ཀྱིས་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་བ་དང་ཁོང་གིས་བཀྲ་ཤིས་ཕུན་ཚོགས་ལ་ངེས་པར་དུ་སློབ་སྦྱོང་ཧུར་ཐག་བྱས་ནས་ཕྱིས་སུ་་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་བྱེད་ཆེད་སྤྱང་གྲུང་དང་བློ་གྲོས་འདོན་དགོས་ཞེས་ཁ་ཏ་བསླབ་བྱ་གནང་བ་རེད།

    ལྷ་རྩེ་རྫོང་ཚོགས་པོ་གྲོང་ཚོ་ཨུ་ཡོན་ལྷན་ཁང་དུ་པད་མ་འཕྲིན་ལས་ཀྱིས་གྲོང་ཚོའི་ཏང་ཀྲི་པུའུ་ཡི་འགན་འཁུར་བློ་མཐུན་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་དང་མཛའ་བརྩེའི་ངང་བཀའ་མོལ་གནང་ནས་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། པད་མ་འཕྲིན་ལས་ཀྱིས་ཚང་མ་དང་ལྷན་དུ་ཕྱུག་འགྱུར་གྱི་ཐབས་ལམ་གྲོས་བསྡུར་གནང་ཞིང་། ཁོང་གིས“ཚོགས་པོ་གྲོང་ཚོས་ལོ་ཏོག་གཙོ་བོ་ནས་དང་། པད་ཁ། ཞོག་ཁོག་བཅས་འདེབས་འཛུགས་བྱེད་པ་དང་གསོ་ཚགས་ལས་རིགས་མེད། 2013ལོར་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་6578ཟིན་པ་དང་ཚོགས་པོ་གྲོང་ཚོར་སྒོར་3446ལས་ཟིན་གྱི་མེད་པས་ལྗོངས་ཡོངས་དང་ཧེ་བག་ཆེ་ཙམ་ཡོད། གྲོང་ཚོ་འདི་ལྟ་བུ་འབྱོར་འབྲིང་ཕྱོགས་སུ་སླེབས་པ་བྱེད་པའི་འགག་རྩ་ནི་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཐབས་ཤེས་འདོན་རོགས་བྱེད་དགོས། གྲོང་ཚོའི་ཏང་ཡོན་དང་ལས་བྱེད་པས་མང་ཚོགས་དང་ཐད་ཀར་འབྲེལ་བ་བྱེད་ཀྱི་ཡོད་པས་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཐད་ཀར་ཚོར་གྱི་ཡོད། ཁྱེད་ཚོས་ངེས་པར་དུ་ཏང་གི་དམངས་ཕན་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་མང་ཚོགས་ཀྱི་འབོད་སྒྲ་དང་ལེན་དང་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཏང་ཡོན་གྱིས་སྣེ་ཁྲིད་པ་དང་སྲིད་ཇུས་ཀྱི་ལེགས་ཆར་བརྟེན་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་མཉམ་དུ་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་བ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་བརྩོན་ཕྱུག་འགྱུར་ཡོང་བ་བྱེད་དགོས་ཞེས་གསུངས།

    ལྷ་རྩེ་རྫོང་ཆོས་སྡེ་དགོན་དུ་པད་མ་འཕྲིན་ལས་ཀྱིས་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་དུ་བསྐྱོད་དེ་དཔེ་དེབ་ཁང་ལ་གཟིགས་ཞིབ་དང་སྙན་ཞུ་གསན་པ་དང་། དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་དགེ་འདུན་པར་འཚམས་འདྲི་གནང་ནས་ཏང་གི་དགོན་ཕན་གྲྭ་ཕན་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱེད་ཚུལ་དང་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་ཚུལ་རྒྱ་ཆེའི་ངང་ཤེས་རྟོགས་གནང་བ་རེད། ཁོང་གིས་དགོན་སྡེར་བཅའ་སྡོད་ལས་བྱེད་པས་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་དེ་གོ་སྐབས་སུ་བྱས་ནས་དགོན་སྡེར་བཅའ་སྡོད་ལས་དོན་སྔར་བས་གཏིང་ཟབ་ཏུ་སྤེལ་བ་དང་རང་སྐྱོང་ལྗོངས་ཀྱི་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཁག་ལག་བསྟར་ཧུར་ཐག་བྱས་ཏེ་གྲྭ་བཙུན་གྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱས་ནས་ཁོང་ཚོར་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་ཚོར་ཐུབ་པ་བྱེད་དགོས། རྒྱ་ཆེའི་གྲྭ་བཙུན་གྱིས་བླ་མ་སྐྱེས་ཆེན་དམ་པ་རིམ་བྱོན་ཚོའི་“རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། དགེ་སྒྲུབ་སྡིག་སྤོང་། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན”བཅས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་རང་འགུལ་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་ནང་རིག་པའི་ཤེས་རྒྱ་དང་ཀུན་སྤྱོད་བྱང་ཚད་མཐོ་རུ་བཏང་སྟེ་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ཐུགས་རེ་བཏོན་གནང་བ་རེད།

    བརྟག་ཞིབ་མཛུབ་ཁྲིད་གནང་རིང་། པད་མ་འཕྲིན་ལས་ཀྱིས་ལྷ་རྩེ་རྫོང་གི་ལས་དོན་སྙན་ཞུ་གསན་པ་དང་ཆབས་ཅིག་རྫོང་དེའི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་ལ་ཁས་ལེན་གནང་རྗེས་ཁོང་གིས་ལྷ་རྩེ་རྫོང་ཨུད་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་སྔ་དེང་རྒྱུན་མཐུད་ཀྱི་འགག་རྩའི་དུས་མཚམས་སུ་གནས་པས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱས་ཏེ་ཚད་གཞི་མཐོ་བ་དང་བླང་བྱ་ནན་པ། བྱ་སྤྱོད་ངོ་མ་སྤེལ་བ་བཅས་བྱས་ནས་སློབ་གསོ་ལག་ལེན་བྱེད་སྒོར་ཕན་ནུས་ཐོན་པ་བྱེད་དགོས་པ་སྟེ། གཅིག་ནས་སློབ་སྦྱོང་དམ་འཛིན་དང་། བསམ་བློ་གཅིག་གྱུར་ཡོང་བ་བྱེད་པ་དང་། གཉིས་ནས་ཡོངས་ཁྱབ་ཏན་ཏིག་ངང་གནད་དོན་འཚོལ་བ། གསུམ་ནས་སེམས་གཏིང་གི་སྐད་ཆ་ཤོད་པ། བཞི་ནས་བཤད་པ་དེ་ལག་བསྟར་བྱས་ནས་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ་བཅས་རེད། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་སྲུང་བ་དང་། ལྷུ་ཚིགས་ཞན་ས་བཙལ་ནས་གཞི་རིམ་ལས་བྱེད་པའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་བ་དང་། སྒྲིག་སྲོལ་ལམ་ལུགས་ཀྱི་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱས་ནས་དངོས་དོན་བསྒྲུབ་རྒྱུ་དེ་སྤྱོད་ཚུལ་འགྱུར་བར་བརྩི་བའམ་སྤྱོད་ཚུལ་འགྱུར་བའི་ཚབ་བྱེད་པའི་ཕྱོགས་ལྷུང་སྔོན་འགོག་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་། པད་མ་འཕྲིན་ལས་དང་བཅས་པས“རྒན་གྲས་གསུམ”གྱི་མི་སྣ་དང་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་ལེགས་མངགས་གཏོང་ཁང་དང་ཕོ་བྲང་གསར་པའི་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་ཀྱི་ལས་བྱེད་ཉེན་རྟོག་པར་འཚམས་འདྲི་གནང་བ་དང་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་སྔོ་ཚལ་ཤིང་འབྲས་ཀྱི་ཞིང་འབྲོག་ཆེད་ལས་མཉམ་ལས་ཁང་དང་། གཞིས་རྩེ་གྲོང་ཁྱེར་བདེ་ལེགས་སྡེ་ཁུལ་གྲོང་ལྷན། བདེ་ལེགས་བོད་སྤོས་ལས་སྣོན་གྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་སུ་རྟོག་ཞིབ་གནང་བ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག