མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

“འཕྲིན་ཆུང”ལས་སྒོ་གཉེར་བ་དེས་མང་ཚོགས་ལ་ཕན་པ་ཐོབ་པ།——ལྷ་ས་གྲོང་ཁྱེར་བསྟན་རྒྱས་གླིང་སྡེ་ཁུལ་གྱིས་སྤྱི་ཚོགས་དོ་དམ་གསར་གཏོད་བྱས་པའི་གནས་ཚུལ་དངོས་བཀོད་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-15 10:02

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་ཤས་གོང་ལོ་བརྒྱད་ཅུ་བརྒལ་བའི་བགྲེས་སོང་པ་སངས་ཀྱིས་བསྟན་རྒྱས་གླིང་སྡེ་ཁུལ་ནས་སྤོས་པ་མ་ཟད་ཁྱིམ་མི་རྣམས་ཀྱིས་ཀྱང་ཕྱིས་སུ་ལག་ཐོགས་ཁ་པར་གྱི་ཨང་གྲངས་བརྗེ་ས་ཡུལ་མི་ཨུ་ལྷན་གྱི་ལས་དོན་པས་འབྲེལ་གཏུག་ཐེངས་མང་བྱས་ཀྱང་འབྲེལ་བ་མ་ཐུབ་པར“རྒན་རྒོན་གྱི་ཚེ་རིང་བའི་ཁ་གསབ་དངུལ”སྤྲོད་ཐུབ་མེད། འཕྲིན་ཆུང་སྟེགས་བུ་བཏོད་དེ་ཉིན་ཤས་ལས་མ་སོང་བར་སྡེ་ཁུལ་དུ་བགྲེས་སོང་པ་སངས་ཀྱི་ཚ་བོའི་བློ་འདྲིའི་སྐོར་གྱི་འཕྲིན་ཆུང་འབྱོར་བ་དང་ཆབས་ཅིག་ཉིན་གཉིས་པར་བགྲེས་སོང་ལ་ལོ་ཤས་རིང་སྤྲོད་རྒྱུར་ལུས་པའི་ཁ་གསབ་དངུལ་དུས་གཅིག་ཏུ་རག་པ་རེད།

    ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་སྤེལ་རིང་ལྷ་ས་གྲོང་ཁྱེར་བསྟན་རྒྱས་གླིང་སྡེ་ཁུལ་གྱིས་ཉེ་དུས“འཕྲིན་ཆུང་གི་སྤྱི་དམངས་སྟེགས་བུ”བཏོད་པས་སྡེ་ཁུལ་གྱི་དོ་དམ་ལས་དོན་ལ་ཕན་ཐོགས་བྱུང་སྟེ་རང་ལྗོངས་ཀྱི“ཕན་པ་ཐོབ་མཁན”སྡེ་ཁུལ་ཨང་དང་པོ་དེར་གྱུར་པ་རེད།

    སྔོན་ཆད་བསྟན་རྒྱས་གླིང་སྡེ་ཁུལ་དུ་བརྡ་ཐོ་ཁག་གཅིག་དུས་ཐོག་ཏུ་ཡུལ་མི་མང་ཚོགས་ལ་བརྒྱུད་བསྒྲགས་བྱེད་མ་ཐུབ་པའི་རྐྱེན་གྱིས་མང་ཚོགས་དོན་དག་སྒྲུབ་པར་ཐེངས་འགའ་ཤས་བསྐྱོད་དགོས་པའི་སྣང་ཚུལ་རྟག་ཏུ་ཐོན་གྱི་ཡོད། མང་ཚོགས་ལ་སྔར་བས་སྟབས་བདེ་ཡོང་ཆེད་སྡེ་ཁུལ་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྡེ་ཁུལ་གྱི་འཕྲིན་ཆུང་གི་སྤྱི་དམངས་སྟེགས་བུ་བཏོད་དེ་སྡེ་ཁུལ་གྱི་ཞབས་ཞུའི་སྟེགས་བུ་གསར་པ་བཏོད་ཡོད་པ་རེད།

    མང་ཚོགས་ལ་སྟབས་བདེ་ཡོང་ཆེད་སྡེ་ཁུལ་གྱིས་ད་དུང་བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་དམངས་ཕན་འབྲེལ་གཏུག་གཱ་བཟོས་པ་མ་ཟད་མང་ཚོགས་ཀྱི་ལག་ཏུ་སྤྲད་ཡོད། འབྲེལ་གཏུག་གཱ་ཐོག་འཕྲིན་ཆུང་གི་ཚད་གཉིས་ཨང་ཐིག་བཀོད་ཡོད་པས་མང་ཚོགས་ཚོས་ལག་ཐོགས་ཁ་པར་གྱིས་བཤར་འབེབས་བྱས་ཚེ་འཕྲིན་ཆུང་སྟེགས་བུའི་ནང་ཞུགས་ཐུབ་པ་དང་། ཆེད་མི་བཀོད་སྒྲིག་གིས་ཆ་འཕྲིན་བསྡུ་རུབ་དང་ལེགས་སྒྲིག་བྱས་པ་མ་ཟད་དུས་ཐོག་ཏུ་འཕྲིན་ཆུང་ཐོག་མང་ཚོགས་ལ་ཕྱིར་ལྡོག་བྱེད་པ། དུས་བཀག་ཐོག་འཕྲིན་ཆུང་སྟེགས་བུའི་ཐོག་མང་ཚོགས་ལ་བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་ཆ་འཕྲིན་ཏེ་སྡེ་ཁུལ་གྱིས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་དང་། མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་འབྲེལ་ཡོད་དམངས་འཚོའི་ཆ་འཕྲིན། ཏང་གི་དམངས་ཕན་སྲིད་ཇུས་ཁག “གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་སྤེལ་ཚུལ་དང་དཔྱད་བསྡུར་བྱེད་ཚུལ་སོགས་ཡོངས་བསྒྲགས་བྱེད་པ་དང་དུས་མཚུངས་སྡེ་ཁུལ་གྱི་ཧྲུའུ་ཅི་དང་ཧྲུའུ་ཅི་ཨང་དང་པོས་ཆ་འཕྲིན་གྱི་འགག་སྒོ་ནན་པོ་སྲུང་ནས་ཆ་འཕྲིན་མི་ལེགས་པ་ཡོངས་བསྒྲགས་གཏན་འགོག་བྱས་པ་རེད།

    ད་ཆ་འཕྲིན་ཆུང་སྟེགས་བུ་བརྒྱུད་སྡེ་ཁུལ་གྱི་ལས་དོན་པས་དུས་ཐོག་ཏུ་བརྡ་ཐོ་དང་ལས་སྒྲུབ་གོ་རིམ་འཕྲིན་ཆུང་ནས་བཏང་ནས་མང་ཚོགས་ཀྱིས་ཐོས་པ་བྱེད་པ་དང་། ཡུལ་མིས་གསལ་པོ་མ་རྟོགས་པའི་གནས་ཚུལ་ཡོད་ཚེ་ཐད་ཀར་འཕྲིན་ཆུང་བརྒྱུད་དེ་འདྲི་ཆོག་པ་དང་ལྷག་པར་དུ་ཡི་གེ་མི་ཤེས་མཁན་མང་ཚོགས་ཀྱིས་ཐད་ཀར་སྐད་ཆ་བཤད་དེ་འདྲི་ཆོག་པས་སྔར་བས་སྟབས་བདེ་དང་སྤྱོད་གོ་ཆོད་པ། སྡེ་ཁུལ་མང་ཚོགས་ཀྱིས་ལག་ཐོགས་ཁ་པར་ལ་བལྟས་ཚེ་སྡེ་ཁུལ་གྱིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་དུས་ཐོག་ཏུ་མཐོང་ཐུབ་པ་མ་ཟད་ཐོས་ཀྱང་ཐུབ་པས་སྡེ་ཁུལ་དང་འབྲེལ་གཏུག་སྔར་བས་ཡག་པོ་བྱེད་ཐུབ་པར་གྱུར། སྡེ་ཁུལ་གྱིས་ཀྱང་མང་ཚོགས་ཀྱི་བསམ་འཆར་དང“དཀའ་གནད”དུས་ཐོག་ཏུ་བསྡུ་རུབ་དང་ཉན་ཐུབ་པ་མ་ཟད་ཆུ་ཚོད་24རིང་དམངས་ཕན་ཞབས་ཞུའི་སྟེགས་བུ་ཡང་བཏོད་ཡོད་པ་རེད།

    ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་བསྟན་རྒྱས་གླིང་སྡེ་ཁུལ་ཏང་ཀྲི་པུས་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་དང་མཉམ་དུ“ཟོལ་མེད་ལྔའི་སློབ་གསོའི”བྱེད་སྒོ་སྤེལ་བས་ཏང་ཡོན་ལས་བྱེད་པའི་ཁྱོན་ཡོངས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་བ་དང་ཆབས་ཅིག་བྱེད་སྒོ་དེ་དམངས་ཀྱི་འདོད་བློ་དང་ཧ་ཅང་མཐུན་པས་མང་ཚོགས་ཚོའི་གདེང་འཇོག་ཡག་པོ་ཐོབ་པ་ཡོད་རེད།

    དེ་དང་ཕྱོགས་མཚུངས་སློབ་གསོ་ལག་ལེན་བྱེད་སྒོ་དེ་དམངས་སེམས་སུ་གཏིང་ཟབ་ཟུག་པ་བྱ་ཆེད་བསྟན་རྒྱས་གླིང་སྡེ་ཁུལ་གྱིས་སྡེ་ཁུལ་གྱི་ཏང་ཡོན་ཡོངས་ལ་སྐར་རིམ་དཔྱད་མོལ་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་ཏང་གི་སྒྲིག་ཡིག་དང་ཏང་ནང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང“སྤྱོད་ཚུལ་བཞི”དང“གནད་དོན་གཉིས”“ཉམས་ཞན་གཅིག” “མི་འདང་བ་གསུམ”བཅས་ཐག་གཅོད་བྱ་རྒྱུ་འཇུག་གཞིར་བྱས་ནས་ཏང་ཡོན་གྱི་བསམ་བློ་ཆབ་སྲིད་དང་། མང་ཚོགས་ལ་འབྲེལ་བ་བྱེད་པ་དང་ཞབས་འདེགས་ཞུ་བ། ནུས་པ་འདོན་སྤེལ། དམངས་ཆེད་བྱ་བ་དངོས་སྒྲུབ་པ། རང་ངོས་ཀྱི་གཟུགས་བརྙན་སོགས་ཀྱི་ཐད་ཚད་གཞི་ཞིབ་ཕྲ་བཏོན་པ་དང་སྡེ་ཁུལ་གྱིས་མང་ཚོགས་ལ་ཏང་ཡོན་གྱི་དཔྱད་མོལ་རེའུ་མིག་སྤྲད་པ་མ་ཟད། ཏང་ཡོན་གྱི་འདྲ་པར་དེ་དཔྱད་མོལ་རེའུ་མིག་ཐོག་སྦྱར་ནས་ཡི་གེ་མ་ཤེས་པའི་མང་ཚོགས་ཚོར་ཏང་ཡོན་ལ་སྐར་མ་རྒྱག་རྒྱུར་སྟབས་བདེ་ཡོང་བ་བྱས་པ་དང་ཏང་ཡོན་ལའང་རང་ངོས་ཀྱི་གཏམ་སྤྱོད་ལ་དོ་སྣང་བྱས་ནས་མང་ཚོགས་ཁྲོད་ཏང་ཡོན་གྱི་གཟུགས་བརྙན་གསར་པ་གཏོད་རྒྱུའི་སྐུལ་མ་བཏང་ཡོད་པ་རེད།

    (བདེ་སྐྱིད་སྒྲོལ་དཀར་དང་གནམ་ཕྱུག་རྒྱལ་གྱིས་སྒྱུར་ཞུས་བྱས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག