མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སྒོར་དུང་ཕྱུར་70བཏང་ནས་དམངས་འཚོའི་བྱ་བ་ དངོས་ཁག་བཅུ་ཡག་པོ་བསྒྲུབ་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-15 10:02

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་11ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པར་ཉིན་ཤས་གོང་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་གསལ། 2020ལོར་སླེབས་སྐབས“མཚུངས་ཙམ་གཉིས”(ཞིང་འབྲོག་པའི་ཡོང་འབབ་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་མཚུངས་ཙམ)ཀྱི་དམིགས་ཚད་གཞིར་བཟུང་རང་སྐྱོང་ལྗོངས་ཀྱིས་2014ལོའི་ནོར་སྲིད་ཀྱི་ཁྲོད་ནས་སྒོར་དུང་ཕྱུར་70ལྷག་ཙམ་བཏོན་ཏེ་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་གཏོང་དང་། ལས་ཞུགས་ཆེར་གཏོང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་མང་གཏོང་། ཟོག་གོང་ཚོད་འཛིན་ནན་པོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འགན་ལེན། རིག་གནས་དམངས་ཕན། དབུལ་སྐྱོར་གསར་སྤེལ། གེགས་འགོག་གེགས་སེལ། བདེ་འཇགས་ཐོན་སྐྱེད་བཅས“བྱ་བ་ཁག་བཅུ”གཙོ་གནད་ཐོག་ཡག་པོ་བསྒྲུབ་རྩིས་ཡོད་པ་རེད།

    རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་བརྗོད་དོན། 2013ལོར“དམངས་འཚོ་སྔོན་དུ་འཇོག་པའི”ལས་ཀའི་བྱ་ཐབས་གཞིར་བཟུང་རང་ལྗོངས་ཀྱིས་མུ་མཐུད་ནོར་ཤུགས་དེ་བས་མང་བ་དམངས་འཚོའི་ཁྱབ་ཁོངས་སུ་གཏོང་རྒྱུར་ཕྱོགས་ནས་དམངས་འཚོའི“བྱ་བ་ཁག་བཅུ”ཡག་པོ་བསྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དམངས་འཚོའི་ཁ་གསབ་སྲིད་ཇུས་ཁག་18ལག་ལེན་བསྟར་ནས་ལོ་ཧྲིལ་པོའི་དམངས་འཚོའི་གཏོང་སྒོས་ནོར་སྲིད་གཏོང་སྒོའི་50%ཡན་བཟུང་བ་དང་དམངས་འཚོའི་གཏོང་སྒོའི་བསྡུར་ཚད་མཐོ་བ་དང་། སྲིད་ཇུས་ཀྱི་ཕན་པ་ཐོབ་ཁྱོན་ཆེ་བ། གཞི་རིམ་མང་ཚོགས་ལ་ཕན་པ་ཐོབ་མང་བ་བཅས་སྔར་བྱུང་མྱོང་མེད་པ་ཞིག་རེད།

    2014ལོར་རང་སྐྱོང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གྱི་འཚོ་བ་འགན་ལེན་གྱི་ཚད་གཞི་དམའ་ཤོས་མཐོ་རུ་གཏོང་བ་དང་། གྲོང་གསེབ་སྨན་པའི་ཐོབ་ཐང་མཐོ་རུ་གཏོང་བ། ལྗོངས་ཡོངས་ཀྱི་ཤང་གྲོང་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོའི་འཚོ་བའི་ཁ་གསབ་སྤྲོད་པ་སོགས་དམངས་འཚོའི་སྲིད་ཇུས་གསར་པ་ཁག་11བཏོན་ཡོད་པ་རེད། བྱ་ཐབས་གསར་པ་ཁག་11ནང་སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་བཅས་ནི་གཙོ་གནད་ཁྱབ་ཁོངས་ཡིན་པ་དང་མ་མཐའི་འཚོ་བ་འགན་ལེན་གྱི་མི་ཚོགས་དང་། འགན་ལེན་ལྔའི་རྒན་རྒོན། ཤང་གྲོང་གི་ལས་བྱེད་ལས་བཟོ་དང་གཞི་རིམ་གྱི་མི་སྣ་བཅས་ནི་འགན་སྲུང་གི་གཙོ་གནད་མི་ཚོགས་རེད། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོར་འཚོ་བའི་ཁ་གསབ་ཐོག་མར་སྤྲོད་པའི་ནང་དགེ་རྒན་དང་སྨན་དོན་མི་སྣའི་ཁ་གསབ་དེ་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་ལས་མཐོ་བ་མ་ཟད་ས་བབ་མཐོ་བའི་ཐག་རིང་ལུང་ཁུག་ལས་ཀྱང་མངོན་གསལ་དོད་པ་ཡོད།

    མིག་སྔའི་བར་ལྗོངས་ནོར་སྲིད་ཐིང་གིས་སྒོར་དུང་ཕྱུར་5.6དོན་འཁྱོལ་བྱས་ནས་དམངས་འཚོའི་སྲིད་ཇུས་ཀྱི་དམིགས་ཚད་ཁག་བཅུར་སྤྱོད་རྒྱུ་རེད། དེའི་ནང་ནས་སྒོར་ཁྲི་5602.73གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུའི་མ་དངུལ་ལ་སྤྱོད་རྒྱུ་དང་། སྒོར་དུང་ཕྱུར་1ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་ནོར་སྲིད་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུའི་མ་དངུལ་ལ་སྤྱོད་རྒྱུ། སྒོར་ཁྲི་2360.52གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་རིམས་འགོག་མི་སྣའི་གཞི་རྩའི་ཐོབ་ཆའི་ཚད་གཞི་མཐོ་རུ་གཏོང་རྒྱུའི་མ་དངུལ་དུ་སྤྱོད་རྒྱུ། སྒོར་ཁྲི་3312གྲོང་གསེབ་གསར་པའི་སྤྱི་ཚོགས་ཀྱི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་མ་དངུལ་གྱི་ནོར་སྲིད་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུའི་མ་དངུལ་ལ་སྤྱོད་རྒྱུ། སྒོར་ཁྲི་1064གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་ལེན་གྱི་ནོར་སྲིད་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུའི་མ་དངུལ་ལ་སྤྱོད་རྒྱུ། སྒོར་ཁྲི་3787.92གྲོང་གསེབ་ཀྱི་སྨན་པའི་ཐོབ་ཐང་ཚད་གཞི་མཐོ་རུ་གཏོང་རྒྱུའི་མ་དངུལ་ལ་སྤྱོད་རྒྱུ། སྒོར་ཁྲི་1983.5གྲོང་གསེབ་ཀྱི་ལས་བྱེད་པའི་གཞི་རྩའི་ཐོབ་ཆ་དང་ལས་རྗེས་དཔྱད་ཞིབ་ཀྱི་བྱ་དགའི་ཚད་གཞི་མཐོ་རུ་གཏོང་རྒྱུའི་མ་དངུལ་ལ་སྤྱོད་རྒྱུ། སྒོར་ཁྲི་1059.54ཞིང་འབྲོག་ཁུལ་གྱི“རྒན་གྲས་གསུམ”གྱི་མི་སྣའི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུའི་མ་དངུལ་ལ་སྤྱོད་རྒྱུ། སྒོར་ཁྲི་259.89གྲོང་གསེབ་ཀྱི་འགན་ལེན་ལྔའི་བསྙེན་བཀུར་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུའི་མ་དངུལ་ལ་སྤྱོད་རྒྱུ། སྒོར་ཁྲི་26125.44ལྗོངས་ཡོངས་ཀྱི་ཤང(གྲོང་རྡལ)ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོའི་འཚོ་བའི་ཁ་གསབ་སྤྲོད་རྒྱུའི་མ་དངུལ་ལ་སྤྱོད་རྒྱུ་བཅས་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་ཀྱིས་ཚད་ཡོད་ཀྱི་ནོར་ཤུགས་དེ་མ་མཐའི་འཚོ་བ་འགན་ལེན་དང་འགན་ལེན་ལྔའི་དུད་ཚང་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་སྔོན་ལ་དེ་བས་མང་བ་གཏོང་བ་དང་གཞི་རིམ་གྱི་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། རྒན་གསོ་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་སུ་བཏང་བས་དྲང་གཞག་དང་ཆ་སྙོམས་ཀྱི་སྤྱི་ཚོགས་འགན་སྲུང་གི་བསམ་གཞིག་གསར་པ་ཞིག་གང་ལེགས་མངོན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་རང་སྐྱོང་ལྗོངས་ཀྱིས་དམངས་འཚོའི་ཁ་གསབ་ཚད་གཞི་མཐོ་རུ་དང་རྒྱ་ཁྱོན་ཆེ་རུ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ཟླ་རེར་མི་རེར་སྒོར་490དང་ལོར་མི་རེར་སྒོར་1950མཐོ་རུ་གཏོང་རྒྱུ་དང་། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་ནོར་སྲིད་ཁ་གསབ་ཚད་གཞི་མི་རེར་ཆ་སྙོམས་སྒོར་380མཐོ་རུ་གཏོང་རྒྱུ། ཁེ་ལས་ཀྱི་ལས་འཁྱུར་ལས་བཟོའི་གཞི་རྩའི་རྒན་གསོའི་མ་དངུལ་ཟླ་རེར་མི་རེར་ཆ་སྙོམས་སྒོར་302མང་དུ་གཏོང་རྒྱུ་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་རྨང་གཞིའི་རྒན་གསོའི་དངུལ་མི་རེར་ཟླ་རེར་སྒོར་120མཐོ་རུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་ཚད་གཞི་ལོར་མི་རེར་ཆ་སྙོམས་སྒོར་340མཐོ་རུ་གཏོང་རྒྱུ། གྲོང་གསེབ་ཀྱི་སྨན་པ་དང་ཕྱུགས་ནད་སྨན་པའི་ཐོབ་ཐང་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར་600མཐོ་རུ་གཏོང་རྒྱུ། “འགན་ལེན་གསུམ”གྱི་འགྲོ་གྲོན་སློབ་མ་རེར་སློབ་ལོ་རེར་སྒོར་200མང་དུ་གཏོང་རྒྱུ། ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། ངལ་རྩོལ་དཔེ་བཟང་བ་རྒན་གྲས་བཅས་ཀྱི་འཚོ་བའི་ཁ་གསབ་ཟླ་རེར་མི་རེར་ཆ་སྙོམས་སྒོར་50མང་དུ་གཏོང་རྒྱུ། གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་ཐོབ་ཆ་དང་ལས་རྗེས་དཔྱད་ཞིབ་ཀྱི་བྱ་དགའི་ཁ་གསབ་ཚད་གཞི་10%མཐོ་རུ་གཏོང་རྒྱུ། མཐའ་མཚམས་མི་སེར་གྱི་ཁ་གསབ་ཚད་གཞི་ལོར་མི་རེར་ཆ་སྙོམས་སྒོར་200མང་དུ་གཏོང་རྒྱུ། འགན་ལེན་ལྔའི་དུད་ཚང་གི་བསྙེན་བཀུར་ཚད་གཞི་ལོར་མི་རེར་ཆ་སྙོམས་སྒོར་2900མཐོ་རུ་གཏོང་རྒྱུ་བཅས་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གོང་གསལ་གྱི་དམངས་འཚོའི་བྱ་ཐབས་གསར་པ་ནས་སློབ་གསོའི“འགན་ལེན་གསུམ”གྱི་རྣམ་གྲངས་གཅིག་པུ་འདི་ལོ་སྟོན་དུས་ཀྱི་སློབ་དུས་སུ་ལག་ལེན་བསྟར་རྒྱུ་ཕུད་དེ་བྱིངས་ཚང་མ་འདི་ལོའི་ཟླ་1ཚེས་1ཉིན་ནས་ལག་ལེན་བསྟར་འགོ་ཚུགས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག