མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བོད་རྒྱ་ཡིག་རིགས་གཉིས་ཤེས་པའི་ཁྲིམས་དཔོན་གྱི་གསོ་སྦྱོང་སློབ་གཞི་རྩོམ་འབྲི་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-15 10:02

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བོད་རྒྱ་ཡིག་རིགས་གཉིས་ཤེས་པའི་ཁྲིམས་དཔོན་གྱི་སློབ་གསོ་གསོ་སྦྱོང་གི་སློབ་གཞི་རྩོམ་འབྲིའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས་གསོ་སྦྱོང་སློབ་གཞིའི་གྲུབ་ཆ་དང་། ནང་དོན། རྩ་གནད་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཏེ་རྩ་བའི་བསམ་ཕྱོགས་ཤིག་ཆགས་པ་དང་འབྲེལ་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་བོད་རྒྱ་ཡིག་རིགས་གཉིས་ཤེས་པའི་ཁྲིམས་དཔོན་ལ་གཅིག་གྱུར་གསོ་སྦྱོང་བྱེད་པའི་སློབ་གཞི་རྩོམ་འབྲིའི་ལས་དོན་ཁྱོན་ཡོངས་ནས་འགོ་ཡང་བཙུགས་པ་རེད།

    ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དྲིལ་བསྒྲགས་ཁྲུའི་ཁྲུའུ་ཀྲང་དབྱང་ཀྲི་ལུང་གིས་བོད་རྒྱ་ཡིག་རིགས་གཉིས་ཤེས་པའི་ཁྲིམས་དཔོན་གྱི་གཅིག་གྱུར་སློབ་གཞིའི་འཆར་གཞི་དེ《བོད་སྐད་ཡིག་གི་ཁྲིམས་ལུགས་ཐ་སྙད》དང་། 《བོད་སྐད་ཡིག་གི་ཁྲུན་ཁྲ་བཟོ་བ》 《བོད་སྐད་ཡིག་གི་ཁྲིམས་རའི་འདྲི་གཅོད་ཚད་ལྡན》 《བོད་ཀྱི་དམངས་སྲོལ》བཅས་སློབ་གཞིའི་དེབ་4ལས་གྲུབ་ཡོད་ཅེས་ངོ་སྤྲོད་བྱས་ཤིང་། ཡང་ཁོང་གིས“བོད་སྐད་ཡིག་གི་ཁྲིམས་ལུགས་ཐ་སྙད་སློབ་ཚན་དེ་རྒྱལ་ཁབ་རྩོམ་སྒྱུར་ཅུས་ཀྱིས་བསྒྱུར་པའི་ད་ལྟ་སྤྱོད་བཞིན་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱ་བོད་ཤན་སྦྱར་གྱི་ཁྲིམས་ལུགས་ཚིག་མཛོད་རྨང་གཞིར་བྱས་ཏེ་བོད་ཀྱི་ཁྲིམས་ཁང་གི་བོད་རྒྱ་ཡིག་རིགས་གཉིས་ཀྱི་འདྲི་གཅོད་ལས་དོན་དང་འདྲི་གཅོད་ཀྱི་ཤེས་ལྡན་མི་སྣ་གསོ་སྦྱོང་གི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་དེབ་གཉིས་བཟོ་རྒྱུ་ཡིན་ཞིང་། དེབ་དང་པོའི་ནང་དོན་ཐད་གཙོ་བོ་ཁྲིམས་འཛིན་འདྲི་གཅོད་ལས་དོན་ནང་རྒྱུན་སྤྱོད་ཀྱི་ཁྲིམས་ལུགས་ཐ་སྙད་དང་མིང་ཚིག་རྩོམ་འབྲི་བྱ་རྒྱུ་དང་། དེབ་གཉིས་པའི་ནང་དོན་ཐད་གཙོ་བོ་གཏིང་ཟབ་པ་དང་ཆེད་ལས་རང་བཞིན་ཆེ་བའི་ཁྲིམས་ལུགས་ཐ་སྙད་དང་མིང་ཚིག་རྩོམ་འབྲི་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

    དེའི་ནང་བོད་སྐད་ཡིག་གི་ཁྲུན་ཁྲ་བཟོ་བའི་སློབ་ཚན་རྩོམ་འབྲི་བྱེད་སྐབས་ཉེས་དོན་དང་། དམངས་དོན་དང་ཚོང་དོན། སྲིད་འཛིན། ལག་བསྟར་བཅས་ཆ་ཤས་བཞི་རུ་དབྱེ་ནས་བོད་ཀྱི་ཁྲིམས་ཁང་གིས་ལོ་མང་རིང་བོད་རྒྱ་ཡིག་རིགས་གཉིས་ཀྱི་གསོ་སྦྱོང་ལས་དོན་སྤེལ་ནས་བྱུང་བའི་ད་ལྟ་སྤྱོད་བཞིན་པའི་སློབ་གཞི་སྔར་བས་ཚད་ལྡན་དང་ཕྱོགས་བསྒྲིགས་བྱ་རྒྱུ་ཡིན་པ་རེད། བོད་སྐད་ཡིག་གི་ཁྲིམས་ཁང་འདྲི་གཅོད་ཚད་ལྡན་གྱི་སློབ་ཚན་ཐད“གཏུག་བཤེར་བཅའ་ཁྲིམས་ཆེན་པོ་གསུམ”གྱི་གཏན་འབེབས་ལ་ནན་པོ་གཞིགས་ནས་རྩོམ་འབྲི་བྱས་ཏེ་གཅིག་གྱུར་དང་ཚད་ལྡན་ཡོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད། བོད་ཀྱི་དམངས་སྲོལ་སློབ་ཚན་རྩོམ་འབྲིའི་ཐད་ས་ཁུལ(གྲོང་ཁྱེར)དང་། རྫོང་། ཤང་གྲོང་བཅས་ཀྱི་ཡུལ་སྲོལ་གོམས་གཤིས་དང་གྲོང་སྲོལ་དམངས་ཆིངས་ལ་བརྩི་འཇོག་གང་ལེགས་བྱ་རྒྱུ་དེ་རྨང་གཞིར་འཛིན་ནས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་འདྲི་གཅོད་ལས་དོན་ཁྲོད་ཀྱི་དཔེ་མཚོན་གྱོད་དཔེ་སྔར་བས་འཚོལ་བསྡུ་དང་། ཕྱོགས་བསྡུས། ཕྱོགས་བསྒྲིགས་བཅས་བྱ་རྒྱུ་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག