མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ བཀོད་འདོམས་པུའི་བརྙན་ལམ་ཚོགས་འདུ་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-15 10:02

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་11ཉིན་གྱི་ཕྱི་དྲོ་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བརྙན་ལམ་ཚོགས་འདུ་ལྷ་སར་འཚོགས་པ་དང་ཚོགས་འདུའི་ཐོག་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་དང་། ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་འགོད་མཛུབ་སྟོན་གལ་ཆེན། བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་སྐབས་བརྒྱད་པའི་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་80པའི་ཐོག་གི་བཀོད་སྒྲིག་བླང་བྱ་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་སླར་ཡང་ནན་བཤད་དང་སླར་ཡང་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་སྤྱི་ཁྱབ་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཝུའུ་དབྱིང་ཅེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཝུའུ་དབྱིང་ཅེས་ཉེ་དུས་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་འགོད་མཛུབ་སྟོན་གྱི་བླང་བྱ་གལ་ཆེན་རབ་དང་རིམ་པར་གཞིགས་ནས“བསམ་བློར་ལྷོད་གཡེང་མི་གཏོང་བ་དང་། བྱེད་ཐབས་གནད་ལ་འཁེལ་བ། ལས་གནས་ཐོག་སྡོད་ཚད་མཐོ་བ། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ། དམིགས་ཚད་གཡོ་འགུལ་མི་གཏོང་བ”བཅས་རྒྱུན་འཁྱོངས་བྱེད་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཚད་མཐོའི་གཅིག་གྱུར་དང་། གཙོ་གནད་དོ་དམ་ཚོད་འཛིན་གྱི་འགན་འཁྲི་ཁ་གསལ་བ། རང་འགུལ་བཅོས་སྒྲིག་དང་སྐུལ་འདེད་ཏན་ཏིག་གཏོང་བ། ལས་རེས་ལས་སྒྲུབ་ཀྱི་སྒྲིག་ཁྲིམས་དམ་ཞིང་། དྲང་བ་བཅས་བྱུང་ནས་ལྗོངས་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་སྔར་བས་སྲ་བརྟན་དང་འཕེལ་རྒྱས་བཏང་ཐོག་བོད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་དང་། དམངས་འཚོ་ལེགས་སུ་གཏོང་རྒྱུ་འགན་ལེན། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་གཏིང་ཟབ་སྤེལ་རྒྱུ་བཅས་ལ་ཕན་ཡོད་ཆ་རྐྱེན་བསྐྲུན་པར་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁས་ལེན་གང་ལེགས་བྱས་ཡོད་ཅེས་བསྟན་གནང་བ་རེད།

    ཝུའུ་དབྱིང་ཅེས་ས་ཁུལ(གྲོང་ཁྱེར)ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་བརྟན་ལྷིང་སྲུང་སྐྱོང་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་གཞིགས་ནས། བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པ་མཐའ་འཁྱོངས་བྱེད་པ་དང་སྣང་མེད་ལྷོད་གཡེང་ནན་འགོག་དང་གཏན་འཁེལ་བྱས་པའི་བཀོད་སྒྲིག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ཐོག་ལྗོངས་ཡོངས་ཀྱི་སྤྱི་ཚོགས་རྒྱུན་སྲིང་ངང་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།

    ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་ཝུའུ་དབྱིང་ཅེས་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་གི་དུས་བབ་སྔར་བཞིན་རྙོག་འཛིང་དང་ཛ་དྲག་ཆེ་བས་ས་ཁུལ(གྲོང་ཁྱེར)ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་འགོ་ཡག་པོ་འཛུགས་པ་དང་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་ནས་ཁོངས་གཏོགས་ཁུལ་གྱི་འགན་འཁྲི་ནན་པོ་བཟོ་བ་དང་མང་འགོག་མང་བཅོས་མཐའ་འཁྱོངས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་སྟེ། གཅིག་ནས་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་དང་ཚན་རིག་དང་མཐུན་པའི་ངང་འགོག་སྲུང་བཀོད་སྒྲིག་བྱེད་དགོས་པ། ས་ཁུལ(གྲོང་ཁྱེར)ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་ཚད་མཐོའི་དོགས་ཟོན་མཐའ་འཁྱོངས་དང་། སྤྱི་ཡོངས་བརྟན་ལྷིང་གཅིག་གྱུར་འཆར་འགོད། གཙོ་གནད་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྔ་ཙམ་དམ་འཛིན་དང་། ཆུང་ཙམ་ནས་དམ་འཛིན། མགྱོགས་ཙམ་དམ་འཛིན། དམ་འཛིན་ཡག་པོ་བཅས་བྱ་རྒྱུར་གཞི་ཚུགས་པ་དང་གནད་དོན་ཐོན་བཟོ་ཡོད་ཕྱིན་འཕྲལ་ཐག་ཆོད་པོས་ཐག་གཅོད་བྱས་ནས་སྲུབས་ཁ་མ་ལུས་པ་དང་། གྲིབ་ཆ་མེད་པ། སྟོང་ཆ་མ་ལུས་པ་བཅས་ཀྱི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་འགག་རྩར་དམ་འཛིན་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་པ། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་ནས་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོའི་སྒྲིག་ལམ་ལ་ཁྲིམས་ལྟར་སྲུང་སྐྱོང་བྱས་ཐོག་དགོན་སྡེའི་སློབ་གསོ་དོ་དམ་དང་། རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ། ཡུལ་སྐོར་ལྟ་སྐོར་སྣེ་ལེན་བཅས་གསུམ་འཐུས་ཤོར་མི་ཡོང་བའི་འགན་ལེན་དང་། རིམ་པ་བཞིན་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཁག་བགོས་ནན་པོ་བྱས་ནས་གཞི་རིམ་ཏང་སྲིད་རྩ་འཛུགས་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག “གཉིས་ལྡན་དུད་སྦྲེལ”སོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་འགྲིལ་ཤུགས་ཟམ་མི་ཆད་པར་གོང་བུ་གཅིག་ཏུ་འགྲིལ་བ། སྤྱི་ཚོགས་ཀྱི་འགལ་ཟླ་རང་འགུལ་ངང་གྲལ་བཤེར་བྱས་ནས“གྱོད་གཞི་གཅིག་ལ་ཐབས་ཇུས་གཅིག”མཐའ་འཁྱོངས་དང་འདུམ་འགྲིག་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ཐོག་གནད་དོན་གྱི་མངོན་མེད་རྐྱེན་ངན་དེ་ཁོངས་གཏོགས་ཁུལ་གྱི་ཁྱབ་ཁོངས་ནང་ཐག་གཅོད་བྱེད་པ་དང་ཐོན་མ་ཐག་མེད་པར་བཟོ་བ། སློབ་གྲྭའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ཏེ་དགེ་སློབ་བདེ་ཐང་དང་བདེ་འཇགས་དང་སློབ་གྲྭའི་རྒྱུན་སྲིང་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་པ། སྤྱི་པའི་བདེ་འཇགས་དོ་དམ་ལ་དམ་འཛིན་ནན་པོ་བྱེད་པ་དང་རིགས་ཁག་གི་མངོན་མེད་རྐྱེན་ངན་རང་འགུལ་ངང་བཅོས་སྒྲིག་བྱས་ནས་སྤྱི་པའི་བདེ་འཇགས་དོན་རྐྱེན་ཚབས་ཆེན་ནན་འགོག་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    མཇུག་ཏུ་ཝུའུ་དབྱིང་ཅེས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་དང་དུས་མཚུངས་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པའི་སྒོ་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོ་ལེགས་སུ་བཏང་སྟེ་དཔྱིད་དུས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་དང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང་ལས་བྱེད་པའི་སྤྱོད་ཚུལ་གཞན་སྒྱུར་ནུས་ལྡན་བྱེད་པར་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཚོས“ཏང་གི་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ”བཅས་བྱ་རྒྱུར་སྐུལ་ཁྲིད་བྱས་ཐོག་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་རང་འགུལ་ངང་བརྟན་ལྷིང་སྲུང་སྐྱོང་དང་ཕྱར་བ་གྲུ་འདེགས་ཀྱིས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགོག་སྲུང་འཛིང་རགས་དང་པོ་བརྟན་པོ་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག