མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སུ་ཆོས་ལུགས་རིག་གནས་མང་ཚོགས་ཀྱི་དེང་རབས་འཚོ་བའི་ཁྲོད་རྒྱུད་འཛིན་བྱས་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-04-14 09:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལྷ་སའི་གྲོང་མི་ཚེ་རིང་སྒྲོལ་དཀར་གྱིས་ན་ནིང་སྒོར་ཁྲི100ལྷག་བཏང་ནས་བོད་ལུགས་ཀྱི་ཁང་བརྩེགས་ཤིག་ཉོས་པ་དང་། ཉིས་ཐོག་ཏུ་ཞིབ་ཆ་ལྡན་པའི་མཆོད་ཁང་བཀོད་སྒྲིག་བྱས་ཡོད་པ་ལས་གཞན། སྒོ་དང་དྲ་མའི་མཐའ་རུ་ཁ་དོག་དཀར་སྔོ་དམར་གསུམ་གྱི་སྒོ་དར་འཐེན་ཞིང་། ཁང་ཐོག་གི་ཕྱོགས་བཞིར་དར་ལྕོག་བཙུགས་ཡོད་པ་དང་། ཁྱམས་འོག་གི་ཟུར་ཞིག་ཏུ་བསང་ཁུང་ཞིག་ཀྱང་བཟོས་འདུག

བོད་བརྒྱུད་ནང་བསྟན་དར་ཁྱབ་ཆེ་བའི་བོད་ལྗོངས་སུ། སྤྱི་ཚོགས་དཔལ་འབྱོར་བསྟུད་མར་འཕེལ་རྒྱས་བྱུང་པ་དང་བསྟུན་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཉིན་རེ་བཞིན་བཅོས་སྒྱུར་བྱུང་ཡོད་ལ། ཆོས་ལུགས་རིགས་གནས་ཀྱི་གོ་རིམ་ཕྲ་ཞིབ་དག་ཀྱང་དེང་རབས་ཅན་འཚོ་བའི་ཁྲོད་རྒྱུད་འཛིན་ལེགས་པོ་བྱུང་ཡོད།

རྒྱང་ཐག་རིང་པའི་བོད་ཤར་ཕྱོགས་གྲོང་ཚོར། དགུང་ལོ༥༠སོན་པའི་བོད་རིགས་སྟག་ཤར་ཟླ་བ་རྒྱལ་མཚན་གྱིས་ཉིན་རེའི་ཞོགས་པར་རང་ཁྱིམ་གྱི་ཉིས་ཐོག་མཆོད་ཁང་དུ་སླེབས་ནས། ཐོག་མར་མཆོད་པ་བཤམས་པ་དང་། དེ་ནས་མཆོད་མེ་སྒྲོན་པ་བཅས་ཀྱིས་ལས་ཀ་དག་འགྲུབ་རྗེས། ད་གཟོད་ཁོས་ཡོ་བྱད་སྒམ་ཆུང་ཁུར་ནས་ཕྱི་རུ་ལས་ཀར་འགྲོ་གི་ཡོད།

ཟླ་བ་རྒྱལ་མཚན་ནི་ཆབ་མདོ་ས་ཁུལ་བྲག་གཡབ་རྫོང་དབྱེན་འདུམ་གྲོང་རྡལ་ཤོག་འདུམ་གྲོང་ཚོའི་ཤིང་བཟོ་ཞིག་རེད། ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གཞིའི་ཕན་ཁེ་རག་ནས2012ལོར་རྒྱ་ཆེ་ཞིང་དཀར་ཆ་དོད་པ། སྒྲིག་ཆས་འཐུས་ཚང་ཡིན་པའི་བོད་ལུགས་ཀྱི་ཁང་པ་ཉིས་བརྩེགས་ཅན་དེའི་ནང་དུ་སྤར་བ་རེད། སྡོད་ཁང་གསར་པའི་ནང་དུ་གནས་སྤར་རྗེས་ཁོས་ཆེད་དུ་རང་ཁྱིམ་གྱི་ཉིས་ཐོག་གི་ཁང་མིག་གྱན་གཅིག་མཆོད་ཁང་དུ་བཀོད་སྒྲིག་བྱས་པ་རེད།

བོད་བརྒྱུད་ནང་བསྟན་ལ་དད་མོས་བྱེད་མཁན་ཁོས་ལས་ཀར་བྲེལ་བ་ཇི་ལྟར་ཆེ་ནའང་། ཕྱག་འཚལ་པ་དང་འདོན་པ་འདོན་རྒྱུ་ནི་ངེས་པར་དུ་སྒྲུབ་དགོས་པའི་ལས་ཤིག་ཏུ་གྱུར་འདུག ཁོས“དེང་སྐབས། ཁྱིམ་ཚང་གི་སྒོ་ཁར་ཐད་ཀར་རྫོང་མཁར་དུ་གཏོང་པའི་གཞུང་ལམ་ཡོད་པས་གྲོང་མི་རྣམས་ཀྱིས་ཕྱི་རུ་ཞོར་ལས་ལ་འགྲོ་བའི་གོ་སྐབས་ཤིན་ཏུ་མང་ལ། བཟའ་བཏུང་ལའང་སེམས་ཁུར་བྱེད་མི་དགོས་མོད། གྲོང་ཚོ་དང་ཐག་མི་རིང་པའི་སར་ཆགས་པའི་དབྱེན་འདུམ་དགོན་ལ་ཆོས་མཇལ་དུ་འགྲོ་བ་ནི་ནམ་ཡང་རྒྱུན་ཆད་མ་མྱོང་ལ། ལྷན་རྒྱས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་ཆོས་ཁྲིམས་དམ་པོར་སྲུང་ནས་གྲོང་ཚོའི་ནང་རྐུ་འཕྲོག་དང་། ཆང་འཐུང་པ། སྲོག་གཅོད་པའི་ལས་ངན་པའི་རིགས་ཀྱང་གཞི་ནས་བྱུང་མྱོང་མེད”ཟེར།

ཉིན་རེའི་ཞོགས་པར། ལྷ་ས་གྲོང་ཁྱེར་བདེ་སྐྱིད་ལམ་དུ་སྡོད་པའི་བོད་རིགས་རྒན་པོ་ཕུར་བུ་ཚེ་རིང་གིས་མ་ཎི་འཁོར་ལོ་ཁྱེར་ཏེ་ཕྱི་ལ་སྐོར་བ་རྒྱག་ཏུ་འགྲོ་གི་འདུག ཁོང་གིས“གཙུག་ལག་ཁང་ལ་སྐོར་བ་འགའ་བརྒྱབ་ན་ལུས་པོ་བདེ་ཐང་དུ་གྱུར་པ་མ་ཟད། རྣམ་རིག་ཀྱང་ཇེ་གསལ་དུ་འགྲོ་གི་འདུག”ཟེར། ཁྱིམ་དུ་རླངས་འཁོར་ཡོད་ནའང་། གོམ་པ་བརྒྱབ་ནས་སྐོར་བ་རྒྱག་པ་ནི་སྒྲུབ་སྦྱོང་ཞིག་ཡིན་ཙང་དེ་ནི་ལེ་ལོའི་དབང་དུ་གཏོང་མི་རུང་། ན་ནིང་ལྷ་སས་མི་བགྲོད་སྐས་ཟམ་བཟོས་པ་དེས་དད་ལྡན་མང་ཚོགས་སྐོར་བ་བརྒྱབ་ཏེ་གཞུང་ལམ་བརྒལ་པར་བདེ་འཇགས་ཆེན་པོ་བསྐྲུན་འདུག་ཟེར།

ཕུར་བུ་ཚེ་རིང་གི་བུ་ཚེ་བརྟན་གྱིས་ལོ་མང་པོའི་སྔོན་རླངས་འཁོར་ཞིག་ཉོས་ཏེ་ཐག་རིང་ལ་སྐྱེལ་འདྲེན་དུ་གཏོང་གི་ཡོད། རླངས་འཁོར་གསར་པ་ལག་ཏུ་འབྱོར་མ་ཐག ཁོས་ལས་དང་པོ་ནི་བར་ཆད་སེལ་བྱེད་ཀྱི་ལྷ་སྐུ་དང་། ཕྱག་མདུད། ཆོས་དཔེ་བཅས་རླངས་འཁོར་དུ་འཇོག་རྒྱུ་དེ་རེད། ཁོས“ང་རང་ནང་བསྟན་ལ་དད་པ་ཡོད་ཕྱིར་དཀོན་མཆོག་གསུམ་གྱིས་མགོན་སྐྱབས་མཛད་པའི་སྨོན་ལམ་བཏབ་པ་ཡིན་ལ།”ལོ་འདི་འགར་བོད་ལྗོངས་ཀྱི་གཞུང་ལམ་བཟོས་པ་སྔར་ལས་ལེགས་པོ་འདུག་པས་ལམ་གྱི་གནས་ཚུལ་སྔོན་ཆད་ལས་ཇེ་ལེགས་སུ་ཕྱིན་ཡོད་པས། ལམ་ཐག་རིང་བོར་བསྐྱོད་པར་བློ་སེམས་བདེ་བོ་བྱུང་ཐུབ་ཟེར།

གཞིས་ཀ་རྩེ་ས་ཁུལ་ལ་གཏོང་པའི་ས་སྐྱ་རྫོང་གི་ལམ་བར་དུ། བདེ་སྡོད་ཁང་མིག་དག་གཞུང་ལམ་གྱི་འགྲམ་དུ་ཀེར་རེར་འགྲེངས་ཡོད། བོད་ལྗོངས་ཀྱི་ས་ཁུལ་གཞན་དག་དང་མི་འདྲ་བར་། ས་ཆ་འདིའི་ཁང་པའི་གྱང་ལྡེབས་སུ་ཁ་དོག་ནག་པོ་དང་། དཀར་པོ། དམར་པོ་གསུམ་གྱི་འགྱིག་རྩི་བྱུགས་འདུག་ལ། ཉི་འོད་ཀྱི་ངོགས་སུ་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད།

“ཁང་པར་ཁ་དོག་འདི་གསུམ་གྱི་རྩི་བྱུགས་པ་དེས་ཁྱིམ་བདག་ནི་དཔལ་ལྡན་ས་སྐྱ་བའི་ལུགས་ལ་དད་པ་ཡོད་པ་མཐོང་ཐུབ། ལོ་འགའི་སྔོན་ཁང་པ་གསར་པར་རྩི་བྱུགས་དུས་སྡོད་དམངས་ཨུ་ལྷན་གྱི་ལས་བྱེད་ཚང་མས་རོགས་བྱེད་པར་སླེབས་པ་རེད།”ས་སྐྱ་རྫོང་མདོ་ཤར་གྲོང་ཚོའི་གྲོང་མི་རིན་ཆེན་གྱིས་དེང་སྐབས་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་ཡོད་མོད། མེས་པོའི་བཞག་པའི་རིག་གནས་སྲོལ་རྒྱུན་དོར་མི་རུང་ཟེར།

ཆོས་ལུགས་དད་མོས་ནི་ཆོས་ལུགས་སྤྱོད་ཆས་ཀྱིས་མཚོན་པའང་མེད་དུ་མི་རུང་པ་ཞིག་རེད། བོད་ལྗོངས་ཀྱི་དགོན་སྡེ་ཁག་གི་ཉེ་འཁོར་དུ་ཆོས་ལུགས་མཁོ་ཆས་ཚོང་ཁང་ནི་གང་སར་མཐོང་ཐུབ། ཚོང་ཁང་གི་ཚོང་ཤིན་ཏུ་བྲིན་པོ་ཡོད་ལ། དེ་གར་ཐང་ཀ་དང་། གཟིམ་སྤོས། མཆོད་ཁྲི་སོགས་ཇི་མཁོ་ཐམས་ཅད་ཡོད་པ་རེད།

བར་སྐོར་དུ་ཡོད་པའི་ཆོས་སྤྱོད་མཁོ་ཆས་ཚོང་མཁན་བཀྲ་ཤིས་ལྷ་མོས“ཉིན་རེར་གཙུག་ལག་ཁང་ལ་སྐོར་བ་རྒྱག་པ་དང་། མཆོད་མཇལ་བྱེད་མཁན་མཚམས་མི་ཆད་ལ། ཉིན་རྒྱུན་ཚོང་ཁང་གི་ཉིན་རེའི་ཡོང་སྒོ་སྒོར་ལྔ་བརྒྱ་ནས་དྲུག་བརྒྱར་སླེབས་ཐུབ་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་ཆེན་མོར་སླེབས་ཐེངས་རེད། ཉིན་རེའི་ཡོང་སྒོ་སྒོར་ཉིས་སྟོང་ནས་སུམ་སྟོང་ལ་སླེབས་ཐུབ”ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག