མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་འབྲེལ་ཡོད་སྲོལ་ཡིག་གཏན་འབེབས་བྱས་ཏེ་བཅའ་ཁྲིམས་ཀྱི་ལམ་ནས་བོད་སྐད་ཡིག་བེད་སྤྱོད་བྱེད་པར་འགན་སྲུང་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-04-11 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཤེས་གསལ་བྱུང་བ་ལྟར་ན།  བོད་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག》གཏན་འབེབས་བྱེད་བཞིན་པའི་སྒང་ཡིན་ལ།  བཅའ་ཁྲིམས་ཀྱི་ལམ་ནས་བོད་སྐད་ཡིག་བེད་སྤྱོད་བྱེད་པར་འགན་སྲུང་བྱེད་རྒྱུ་རེད།

བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཆོས་གྲགས་ཀྱིས་གསར་འགོད་པར་བཤད་རྒྱུར། 《བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག》ནི 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མངའ་ཁོངས་རང་སྐྱོང་བཅའ་ཁྲིམས》སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ལ་གཞིར་བཟུང་ནས།  བོད་རང་སྐྱོང་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་དང་བསྟུན་ཅི་ཐད་བྱས་པ་བརྒྱུད་གཏན་འབེབས་བྱས་པ་རེད།  མིག་སྔར་བོད་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་ཆེད་མཁས་པས《སྲོལ་ཡིག》ལ་དག་བཅོས་ཐེངས་བཞི་བྱས་པ་དང་། 《སྲོལ་ཡིག》ངོ་མ་སྔོན་དཔག་ལྟར་ད་ལོའི་ཟླ9པར་འགྲེམ་སྤེལ་བྱེད་རྒྱུ་རེད། 

བོད་ལྗོངས་སུ་ཞི་བའི་བཅིངས་འགྲོལ་ཐོབ་རྗེས།  བོད་སྐད་ཡིག་གི་སློབ་སྦྱོང་དང་བེད་སྤྱོད། དར་སྤེལ་བཅས་ལ་སྐུལ་འདེད་བྱེད་ཆེད།  ཀྲུང་དབྱང་དང་ས་གནས་སྲིད་གཞུང་གིས་ལོ་ངོ20རིང་གི་དུས་ཚོད་བེད་སྤྱད་པ་དང་།  1987ལོར《བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་འབྲེལ་ཡོད་འཆར་འགོད 》གཏན་འབེབས་བྱས།  1997ལོར་རྒྱལ་སྤྱིའི་ཚད་ལྡན་གྱི་བོད་ཡིག་གི་ཨང་སྒྲིག་ལ་རྒྱལ་སྤྱིའི་ཚད་ལྡན་རྩ་འཛུགས་ཀྱིས་ཆོག་མཆན་ཐོབ་པ་དང་།  ཀྲུང་གོའི་གྲངས་ཉུང་མི་རིགས་ཡི་གེ་ཁྲོད་རྒྱལ་སྤྱིའི་ཚད་ལྡན་གྱི་ཡི་གེ་དང་པོ་རེད།

2002ལོར་བོད་ལྗོངས་ཀྱིས་སྤྱི་ཚོགས་འཕེལ་རྒྱས་ཀྱི་དངོས་ཡོད་གནས་ཚུལ་ལྟར། སྔར་ཡོད《གཏན་འབེབས》ཀྱི་རྨང་གཞིའི་སྟེང《བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་དང་དར་སྤེལ་བྱེད་པའི་གཏན་འབེབས 》དག་བཅོས་བྱས་ཏེ་ཁྱབ་བསྒྲགས་བྱས།  ལོ་ངོ12འགོར་རྗེས། བོད་ལྗོངས་ཀྱིས་ཡང་བསྐྱར《སྲོལ་ཡིག》གསར་བ་ཁྱབ་བསྒྲགས་བྱས་པ་དང་།  ཁྲིམས་ལུགས་ཀྱི་ལམ་ནས་བོད་སྐད་ཡིག་བེད་སྤྱོད་དང་དར་སྤེལ་བྱེད་པར་འགན་སྲུང་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག