མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས་དུས་སྐབས་གསར་པའི“རྒྱུགས་འབུལ”སྐོར་ཚ་ཚ་འུར་འུར་ངང་གླེང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-04-11 10:26

    ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་གཞི་རིམ་དུ་བསྐྱོད་པ་དང་མང་ཚོགས་ཁྲོད་བསྐྱོད་དེ་གཞི་རིམ་མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་གཏིང་ཟབ་བྱས་ནས་མང་ཚོགས་ཚོར་བྱ་བཟང་སྒྲུབ་རོགས་དང་དཀའ་གནད་སེལ་རོགས་བྱས་པར་རྒྱ་ཆེའི་མང་ཚོགས་ཀྱི་ཡིད་ཆེས་དང་བསྔགས་བརྗོད་ཐོབ་ཡོད་ཅིང་།འདི་ནི་ཉེ་དུས་རིན་སྤུངས་རྫོང་ཁང་གཞུང་ཤང་ཉན་ལྷ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག་གི་རུ་མིས(རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཐིང་གིས་མངགས་གཏོང་བྱས)མང་ཚོགས་ལ་དཔྱིད་འདེབས་བྱེད་རོགས་བྱས་པ་མ་ཟད་ཞིང་པའི་དཔྱིད་འདེབས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲའང་བྱེད་པའི་གནས་ཚུལ་ཡིན་པ།

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་3ཚེས་23ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་རྩོམ་རིང་གསར་འགྱུར《མ་འོངས་ལ་ཕྱོགས་པའི་རྒྱུགས་འབུལ——སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཧོ་པེ་ཞིང་ཆེན་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་མཛུབ་ཁྲིད་གནང་བའི་འཚམས་ལན་དྲན་ཐོ》ཞེས་པར་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད་ངེས་པར་དུ་ལན་འདེབས་དགོས་པའི་དམིགས་བསལ་གྱི“རྒྱུགས་གཞི”ཁག་གཅིག་ཁྱོན་ཡོངས་ནས་བཏོན་ཡོད་ལ་རྒྱུགས་འབུལ་ནམ་ཡང་ཚར་དུས་མེད་པའི་བརྗོད་གཞིའང་བཏོན་ཡོད་པས་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་མ་ཟད་གྲོས་བསྡུར་ཚ་ཚ་འུར་འུར་ངང་བྱས་ཡོད་པ་རེད།

    ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་འཆི་མེད་རིག་འཛིན་གྱིས་མིག་སྔར་སྤེལ་བའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི“རྒྱུགས་འབུལ”ཁྲོད་ང་ཚོས་མང་ཚོགས་ཀྱི་བསམ་འཆར་མེ་ལོང་ལྟ་བུར་བརྩི་བ་དང་།མི་སེར་གྱི་རེ་སྒུག་ཁ་ཕྱོགས་སུ་བྱེད་པ།ག་དུས་ཡིན་རུང་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ།མི་དམངས་མང་ཚོགས་ལ་ཐོག་མཐའ་བར་གསུམ་དུ་བརྩེ་སེམས་ཟབ་མོ་འཆང་བ་བཅས་ཀྱི་ཐོག་ནས་མང་ཚོགས་ཁྲོད་བསྐྱོད་པ་དང་མང་ཚོགས་དང་འབྲེལ་གཏུག་བྱས་ཏེ་མང་ཚོགས་ཀྱི་བསམ་འཆར་ཆེ་ཤོས་གང་ཡིན་དང་བློ་ཡིད་མི་ཚིམ་པའི་གནད་དོན་ནས་སྒྲུབ་འགོ་འཛུགས་པ་དང་མང་ཚོགས་ཀྱིས་སྒྲུབ་རེ་ཆེ་ཤོས་དང་མིག་སྔར་ཡག་པོ་སྒྲུབ་ཐུབ་པའི་གནད་དོན་ནས་སྒྲུབ་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་ལྷག་བསམ་ཟོལ་མེད་དང་།བློ་གཅིག་སེམས་གཅིགསེམས་ནུས་གང་ཡོད་བཅས་ཀྱི་ཐོག་ནས་དམངས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་ལ་ཕན་བདེ་མང་ཙམ་བསྐྲུན་དགོས་ཞེས་བཤད་པ་རེད།

    རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རྒྱ་མཚོ་ལྷ་མོས་ཏང་གི་མང་ཚོགས་ལམ་ཕྱོགས་ཚར་དུས་མེད་ལ་སྤྱོད་ཚུལ་འཛུགས་སྐྱོང་ཡང་ཚར་དུས་མེད།ང་ཚོའི་རྒྱུགས་དཔོན་ནི་རྒྱ་ཆེའི་བུད་མེད་མང་ཚོགས་ཡིན་པས་ང་ཚོ་བུད་མེད་མང་ཚོགས་ཀྱི“མནའ་མའི་མ་ཁྱིམ”ཡིན་པའི་ངོས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དེ་ཚད་ཤིང་དུ་བྱས་ཏེ‘རྒྱུགས་འབུལ’གྱི་བསླབ་བྱ་བློར་བརྟན་པོར་ངེས་པ་དང་།‘རྒྱུགས་འབུལ’གྱི་སེམས་ཁམས་རྒྱུན་འཁྱོངས་བྱེད་པ།‘རྒྱུགས་འབུལ’གྱི་སྤྱོད་ཚུལ་དར་སྤེལ་གཏོང་བ་བཅས་བྱས་ནས་བུད་མེད་མང་ཚོགས་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འདེབས་དགོས་ཞེས་བཤད་པ་རེད།

    ཇི་ལྟར་བྱས་ཏེ་དུས་སྐབས་གསར་པའི་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ“སུའི་ཆེད་དང་།སུ་ལ་བརྟེན་པ།ང་སུ་ཡིན”བཅས་ཀྱི་རྒྱུགས་གཞི་དེར་ལན་ཡག་པོ་འདེབས་དགོས།ཆུ་གསུམ་རྫོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧྲི་ཕིང་གིས་ཕྱིས་འབྱུང་གི་ལས་དོན་ཁྲོད་ཆུ་གསུམ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ“རྒྱུགས་རར”བརྩི་བ་དང་མི་དམངས་མང་ཚོགས“རྒྱུགས་དཔོན”དུ་བརྩིས་ནས་བསམ་བློར་སྔར་བས་བཅིངས་འགྲོལ་དང་།དངོས་འཛིན་དངོས་སྒྲུབ།སྙིང་སྟོབས་ཆེར་སྐྱེད།འགག་སྒྲོལ་དཀའ་སེལ་བཅས་བྱེད་པའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི“རྒྱུགས་གཞི”དེ་ལས་ཀའི་སྒུལ་ཤུགས་སུ་འགྱུར་བ་བྱས་ཐོག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྔོན་ལ་སྐྲུན་ཐུབ་པ་བྱེད་པའི“རྒྱུགས་འབུལ”ཁྲོད་གཟེངས་སུ་ཐོན་པའི་སྦྱངས་འབྲས་ཐོབ་པ་བྱེད་དགོས་ཞེས་བཤད་པ་རེད།

    གོང་དཀར་རྫོང་གིས་ཚན་པ་ཁག་ལ་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཁོངས་མིའི་ཚན་པའི་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱས་འཕྲིན་གསར་འགྱུར《མ་འོངས་ལ་ཕྱོགས་པའི་རྒྱུགས་འབུལ》ཞེས་པ་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅིང་།ཚང་མས་བསམ་བློ་སྔར་བས་གཅིག་གྱུར་དང་དད་སེམས་བརྟན་གཏོང་གིས་ཡང་དག་པའི་འཛམ་གླིང་གི་ལྟ་བ་དང་།མི་ཚེའི་ལྟ་བ།རིན་ཐང་གི་ལྟ་བ་བཅས་འཛུགས་པར“སྤྱིའི་བསད་སྤར”དེར་ལྷོད་གཡེང་མི་གཏོང་བ་དང་སྤྱོད་ཚུལ་གྱི“ར་སྐྱོར”དམ་པོ་བསྐོར་ནས་མི་འདང་ས་འཚོལ་བ་དང་།སྤྱོད་ཚུལ་ལེགས་སུ་གཏོང་བ།ལས་དོན་ཏན་ཏིག་བསྒྲུབ་པ་བཅས་བྱས་ཏེ་གཟེངས་སུ་ཐོན་པའི་སྦྱངས་འབྲས་ལ་བརྟེན་ནས་མང་ཚོགས་བློ་ཡིད་ཚིམ་པའི་ལན་ཞིག་འདེབས་རྒྱུ་ཡིན་ལུགས་བཤད་པ་རེད།

    སྣེ་གདོང་རྫོང་ཁེ་གསུམ་གྲོང་ཚོ་ཨུ་ལྷན་གྱི་ཧྲུའུ་ཅི་ཨང་དང་པོ་ཀྲང་ཞའོ་པོས་གཞི་རིམ་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དེ་ནི་གནད་དོན་ལ་བསམ་གཞིགས་དང་དོན་དག་སྒྲུབ་པར་མང་ཚོགས་ཀྱི་ལངས་ཕྱོགས་ནས་འགོ་འཛུགས་པ་དང་།གནས་བབ་བརྗེས་ནས་བསམ་གཞིགས་བྱེད་པ་དང་དུས་ཐོག་ཏུ་མང་ཚོགས་ཀྱི་རེ་འབོད་ཉན་ཐོག་ཁེ་ཕན་གྱི་འགལ་བ་ཡག་པོ་སེལ་བ།མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ།ཐབས་བརྒྱ་ཇུས་སྟོང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དཀའ་སྡུག་སེལ་རོགས་བྱེད་པ།དམངས་ཉེ་དང་དམངས་གཅེས་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བྱེད་པ་བཅས་བྱེད་དགོས་ཞེས་བཤད་པ་རེད།

    འཕྱོངས་རྒྱས་རྫོང་ཁྲང་དཀར་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་ལས་དོན་རུ་ཁག(ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས་མངགས་གཏོང་བྱས)གི་རུ་དཔོན་ཀྲུའུ་ཁྲུང་སུང་གིས་ལོ་འགའི་རིང་གྲོང་ཚོར་བཅའ་སྡོད་ཀྱིས་རོགས་སྐྱོར་བྱས་པ་བརྒྱུད་ཁྲང་དཀར་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད་ཅེས་བཤད་ཅིང་།ཁོང་གིས་ལས་དོན་རུ་ཁག་ལ་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པའི་རྒྱུ་རྐྱེན་ནི་དང་ཐོག་ཕུགས་བསམ་དད་སེམས་བརྟན་དུ་བཏང་བས་ཡིན།གྲོང་ཚོར་བཅའ་སྡོད་ཀྱིས་རོགས་སྐྱོར་བྱེད་པར་མི་དམངས་ལ་ཞབས་འདེགས་ཞུ་བའི་དད་སེམས་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་ཕུགས་བསམ་གྱི་ཐོག་ནས་དཔོན་ཉམས་དོར་ཏེ་ཞིང་པའི་བུ་ཕྲུག་ཅིག་བྱེད་པ་དང་སྤོབས་ཉམས་དོར་ཏེ་ཞིང་པར་རོགས་རམ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག