མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཝུའུ་དབྱིང་ཅེས་བོད་ལྗོངས་ནང་བསྟན་སློབ་གླིང་དུ་བརྟག་ཞིབ་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-04-11 10:25

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་4ཚེས་8ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེས་བོད་ལྗོངས་ནང་བསྟན་སློབ་གླིང་དུ་བརྟག་ཞིབ་དང་ནང་བསྟན་སློབ་གླིང་གི་སློབ་ཁྲིད་དོ་དམ་ལས་དོན་དང་ནང་བསྟན་སློབ་གླིང་གི་བཙུན་མའི་ཁུལ་གྱི་རྣམ་གྲངས་འཛུགས་སྐྲུན་ཐད་བརྟག་དཔྱད་དང་མཁྱེན་རྟོགས་གནང་བ་མ་ཟད།རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་བཅས་ཀྱི་ཚབ་ཞུས་ནས་ནང་བསྟན་སློབ་གླིང་གི་དགེ་རྒན་དང་ལས་བཟོ།དགེ་འདུན་པའི་སློབ་མ་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་རེད།

    བརྟག་ཞིབ་གནང་སྐབས་ཝུའུ་དབྱིང་ཅེ་དང་བཅས་པ་རྒྱ་ཆེ་ལ་དཀར་ཆ་དོད་པའི་སློབ་མའི་ཉལ་ཁང་དུ་ཕེབས་ནས་ཁྱུང་སྒོར་དང་།མཁས་གྲུབ།ཉི་མ་རྒྱལ་མཚན་སོགས་ཆབ་མདོ་ས་ཁུལ་དང་མཚོ་སྔོན་ཞིང་ཆེན་ནས་ཡིན་པའི་དགེ་འདུན་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ཞིང་།ཕ་ཡུལ་ག་ནས་ཡིན་ནམ།དགོན་སྡེ་གང་ནས་ཡིན་ནམ།དེ་གར་ནང་བསྟན་ཆོས་ལུགས་སློབ་སྦྱོང་བྱེད་པའི་མྱོང་ཚོར་གང་འདུག་གམ་ཞེས་བཀའ་འདྲི་གནང་རྗེས་དགེ་འདུན་པ་ཚོས་ནང་བསྟན་སློབ་གླིང་གི་ཞབས་ཞུའི་དོ་དམ་ཞིབ་ཚགས་པ་དང་སློབ་ཚན་བཀོད་སྒྲིག་ལུགས་དང་མཐུན་པས་ང་ཚོ་བློ་ཡིད་ཚིམ་པོ་འདུགསླད་ཕྱིན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་ངེས་པར་དུ་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་ཁྲིམས་སྲུང་སྡོམ་སྲུང་དང་ཡིད་རྣལ་དུ་ཕབ་ནས་སློབ་སྦྱོང་ལ་བརྩོན་ཞིབ་བྱས་ཏེ་ཐོས་བསམ་སྒོམ་གསུམ་ལ་གཞོལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།སློབ་མའི་ཉལ་ཁང་ནང་གི་དགེ་འདུན་ཚོའི་འཚོ་བ་དང་སློབ་སྦྱོང་གི་ཆ་རྐྱེན་ལེགས་པོ་ཡོད་པ་མཁྱེན་རྗེས་ཝུའུ་དབྱིང་ཅེས་ད་ཕན་ལོ་ཤས་ནང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་དང་།དགོན་སྡེ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་།གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལྗོངས་ཡོངས་ཀྱི་དགོན་སྡེར“གཅིག་དྲུག”དང“ཡོད་པ་དགུ”སོགས་གྲྭ་ཕན་དགོན་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར།སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་ཞུའི་དོ་དམ་དགོན་སྡེར་སྤེལ་བ་དང་གྲྭ་བཙུན་ཚོའི་དངོས་ཡོད་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རོགས་བཅས་བྱས་པས་དགོན་སྡེའི་གྲྭ་བཙུན་ཚོས་དེ་བས་ལེགས་པའི་ངང་དད་ལྡན་མང་ཚོགས་ཚོར་ཞབས་འདེགས་ཞུ་རྒྱུ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་གལ་ཆེའི་ནུས་པ་འདོན་སྤེལ་ཐུབ་ཡོད་ཅེས་གསུངས་ཤིང་།ཁོང་གིས“རྒྱལ་གཅེས་ཆོས་གཅེས་དང་།སྒྲིག་བཀུར་ཁྲིམས་སྲུང་།སྡིག་སྤོང་དགེ་སྒྲུབ།ཞི་མཐུན་གོང་བཀུར།ཞི་བདེར་རེ་སྨོན”བཅས་ཀྱི་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་དེ་ཏང་དང་སྲིད་གཞུང་གིས་སྲོལ་གཏོད་བྱས་པའི་ཞི་མཐུན་སྤྱི་ཚོགས་བསྐྲུན་རྒྱུའི་བླང་བྱ་དང་མཐུན་པ་ཞིག་ཡིན་ལ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་འདྲ་མཉམ་དང་འཆམ་མཐུན་ཁྱིམ་གཅིག་ལྟར་ཡིན།རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཡིན་པའི་ཆོས་ལུགས་ལས་རིགས་ཁག་གི་མི་སྣ་ཡང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་མཁན་གྱི་སྐྱེ་ལྡན་སྟོབས་ཤུགས་ཤིག་ཡིན།རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དགོན་སྡེའི་སྤྱི་པའི་ཞབས་ཞུ་སྔར་བས་འཐུས་ཚང་དུ་གཏོང་རྒྱུ་དང་དགེ་འདུན་པའི་དངོས་ཡོད་དཀའ་ངལ་དང་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་ལ་ཚང་མས་ཐོབ་དཀའ་བའི་སློབ་སྦྱོང་གི་གོ་སྐབས་ལ་གཅེས་འཛིན་བྱས་ནས་ཕན་ཚུན་སྐྱོན་སྤངས་དགེ་སྒྲུབ་དང་བསམ་ཕྱོགས་དང་མིག་རྒྱང་རིང་དུ་བཏང་སྟེ་ནང་ཆོས་ལ་བརྩོན་ཞིབ་བྱས་ནས་ཆོས་ཀྱི་རྟོགས་པ་མཐོ་རུ་ཧུར་ཐག་གཏོང་དགོས་པ་མ་ཟད།རང་རྟོགས་ངང་དུས་བབ་ཆབ་སྲིད་དང་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་།སྤྱི་ཚོགས་བརྟན་ལྷིང་།མི་རིགས་མཐུན་སྒྲིལ་བཅས་ལ་སྲུང་སྐྱོང་བྱེད་མཁན་གྱི་དགེ་འདུན་པ་བཟང་པོ་ཞིག་དང་སྤྲུལ་སྐུ་བཟང་པོ་ཞིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེ་དང་བཅས་པ་ད་དུང་བོད་ལྗོངས་ནང་བསྟན་སློབ་གླིང་གི་བཙུན་མའི་ཁུལ་གྱི་རྣམ་གྲངས་འཛུགས་སྐྲུན་ལས་ཡུལ་དང་སློབ་མའི་ཉལ་ཁང་སོགས་སུ་ཕེབས་ནས་སློབ་གླིང་གི་འཛུགས་སྐྲུན་དང་སློབ་མའི་སློབ་སྦྱོང་གནས་ཚུལ་ལ་གཟིགས་ཤིང་།ཝུའུ་དབྱིང་ཅེ་དང་བཅས་པས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ནི་ལྗོངས་ཡོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་འགན་ལེན་བྱེད་པའི་འགན་སྲུང་གལ་ཆེན་ཞིག་ཡིན།བོད་ལྗོངས་ནང་བསྟན་སློབ་གླིང་བསྐྲུན་རྒྱུ་དེ་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དགོན་སྡེའི་ཞབས་ཞུའི་དོ་དམ་གསར་གཏོད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ།ཏང་གི་ཆོས་དད་རང་མོས་སྲིད་ཇུས་རང་ལྗོངས་སུ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱུང་བའི་གསོན་ཉམས་དོད་པའི་མངོན་ཚུལ་ཞིག་ཀྱང་ཡིན།ནང་བསྟན་སློབ་གླིང་གིས་སློབ་ཁྲིད་བྱེད་སྟངས་གསར་གཏོད་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་འདུལ་ཁྲིམས་བསྟན་དོན་ཁྲོད་ཀྱི་དུས་རབས་ཡར་ཐོན་གྱི་བླང་བྱ་དང་འཚམ་པའི་དགེ་མཚན་ལྡན་པའི་ནང་དོན་སྔོག་འདོན་གང་ལེགས་ཀྱིས་སློབ་མར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་དང་།དཔེ་ཆའི་དགེ་རྒན་དང་དོ་དམ་པའི་བསམ་བློ་དང་ཆབ་སྲིད་ཀྱི་བྱང་ཚད་རྒྱུན་ཆད་མེད་མཐོ་རུ་གཏོང་བ།སློབ་གཉེར་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་བོད་ལྗོངས་ནང་བསྟན་སློབ་གླིང་དེ་རྒྱལ་གཅེས་ཆོས་གཅེས་ཀྱི་དགེ་འདུན་པ་གསོ་སྐྱོང་དང་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་མཁན་གྱི་འཐབ་སར་འགྱུར་བར་བྱེད་དགོས།རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མི་རིགས་ཆོས་ལུགས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་དོན་དངོས་དང་ཟུང་འབྲེལ་དང་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་།ཚན་རིག་དང་མཐུན་པའི་ངང་རིགས་པས་ཁུངས་སྐྱེལ་དང་སྲོལ་རྒྱུན་ལ་བརྩི་འཇོག་བྱས་ནས་དགེ་འདུན་པའི་སློབ་སྦྱོང་གི་དགོས་མཁོ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱེད་པ་དང་དགེ་འདུན་པའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ནས་དགེ་འདུན་པ་ཚོ་སེམས་རྣལ་དུ་ཕབ་ནས་བརྩོན་ཞིབ་དང་ཤེས་བྱར་འབད་བརྩོན་བྱེད་ཐུབ་པ་བྱས་ཏེ་ཆོས་ཀྱི་རྟོགས་པ་དང་ཕྱོགས་བསྡུས་བྱང་ཚད་གཉིས་མཐོ་རུ་འགྲོ་ཐུབ་པ་བྱེད་དགོས་པ་མ་ཟད།ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག