མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

“མཁའ་ལམ”ཐོག་བདེ་སྐྱིད་གླེང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-04-11 09:50

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།

    ཞོགས་པ་ངག་དབང་རྡོ་རྗེ་དང་ཁོང་གི་ཕ་ལྷ་ས་ནས་ཟི་ལིང་དུ་བསྐྱོད་མཁན་མེ་འཁོར་ཨང་རྟགས་K9802ཀྱི་ཉལ་ཁྲི་འབོལ་མའི་འཁོར་སྒྲོམ་ནང་བསྡད་དེ་མེ་འཁོར་བབས་ཚུགས་ནས་ག་ལེར་ཐོན།

    མེ་འཁོར་གྱི་སྒེའུ་ཁུང་གི་ཕྱིར་ལྕགས་ལམ་སྲུང་སྐྱོང་མཉམ་སྲུང་རུ་མིས་ཀྲོང་ངེར་ལངས་ནས་མེ་འཁོར་ལ་གུས་འདུད་ཞུས། ངག་དབང་རྡོ་རྗེས་སྒེའུ་ཁུང་ཕྱིར་ལག་པ་གཡུག་གཡུག་བྱེད་བཞིན“མེ་འཁོར་དུ་སྡོད་སྐབས་ཀྱང་ལྕགས་ལམ་ལ་གཅེས་སྐྱོང་བྱེད་དགོས། ལམ་སྲུང་དང་བདག་སྐྱོང་བྱེད་མཁན་དེ་དག་ལ་ཐུགས་རྗེ་ཆེ་ཞུ་དགོས། ཁོང་ཚོའི་དཀའ་སྤྱད་འབད་བརྩོན་འོག་ང་ཚོ་འགྲུལ་པ་གཞི་ནས་བདེ་འཇགས་ལྡན་ལ་སྟབས་བདེའི་ངང་འགྲོ་འོང་བྱེད་རྒྱུ་བྱུང་ཡོད”ཅེས་བརྗོད།

    ནང་མིས་ཐུག་པར་ཡོང་བ།

    ཆུང་མཚོས་ལུག་ཤ་སྐམ་པོ་དེབ་གཉིས་དང་ལ་ལ་རས་ཁུག་ཕྱེད་ཀ་ཙམ་འཁྱེར་ནས་བྲག་སྨུག་གྲོང་རྡལ་གྱི་གྲོང་ཚོ་དང་པོ་ནས་བུ་དང་མཉམ་དུ་བཟའ་ཟླ་ཐུག་པར་ཡོང་། ཁྱིམ་ནས་བཟའ་ཟླ་ལས་ཀ་བྱེད་ས་བར་སྤྱི་ལེ་བཅུ་ཙམ་ཡོད་པ་དང་སྦག་སྦག་བཞོན་ནས་ཡོང་ན་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་འགོར་གྱི་ཡོད།

    ཆུང་མཚོས“བུ་དང་དུས་ཚོད་རིང་པོ་ཐུག་མེད་པས་ཕ་ཧ་ཅང་ཐུག་འདོད་བྱེད་ཀྱི་འདུག དེ་རིང་གཟའ་མཇུག་གི་དུས་ཚོད་སྤྱད་ནས་དེ་གར་མཉམ་དུ་ཡོང་བ་ཡིན། ང་ཚོས་སྒར་ས་ནས་བཟའ་ཟླ་སོ་ལྟ་ཁང་དུ་ཡོད་པ་ཤེས་བྱུང་། ཁོང་གི་ལས་རོགས་ཀྱིས་ང་ཚོ་འདི་གར་འཁྲིད་བྱུང”ཞེས་གསར་འགོད་པར་བརྗོད་བྱུང་། དེ་ཉིན་པད་མ་སྲས་ཆུང་མཚན་ལས་ཡིན་པས་སོ་ལྟ་ཁང་དུ་ངལ་གསོས་ནས་བསྡད་འདུག བུ་དང་བཟའ་ཟླ་ཡོང་བ་མཐོང་སྐབས་བོད་རིགས་ཕོ་གཞོན་དེ་སྐབས་ཤིག་རིང་ག་བྱེད་འདི་བྱེད་མེད་པར་གྱུར།

    “ཁྱིམ་དུ་རྒན་གཞོན་ཚང་མ་བདེ་པོ་ཡིན་ལ་ཕྲུ་གུ་ཡང་ཁ་ལ་ཉན་པོ་འདུག ཁྱེད་ཀྱིས་འདི་གར་ལྕགས་ལམ་ཡག་པོ་སྲུང་ནས་རང་ཉིད་ཀྱི་གཟུགས་པོར་བདག་གཅེས་བྱེད་རོགས”ཞེས་ཆུང་མཚོས་བཟའ་ཟླར་མངག་བྱ་བྱས།

    པད་མ་སྲས་ཆུང་གིས་ཀྱང་བཟའ་ཟླར“ད་ཆ་ཟླ་རེར་གླ་ཕོགས་སྒོར་ཉིས་སྟོང་ལྷག་ཙམ་ཡོད་པ་དང་རླུང་འགོག་ཆར་འགོག་ཐུབ་པའི་གྱོན་གོས་མཐུག་པོ་ཡོད་ལ་འབྲས་ཚལ་དང་རྩམ་པ་སོགས་གང་འདོད་བཟའ་རྒྱུ་ཡོད་པས་ཁྱེད་ཚོས་སེམས་ཁྲལ་བྱེད་མི་དགོས”ཞེས་བརྗོད།

    ནང་མི་མཉམ་འཛོམས་ཀྱི་དུས་ཚོད་ཉུང་ཉུང་ཡིན་སྟབས་བུས་འདྲིས་པོ་དེ་ཙམ་བྱེད་ཀྱི་མེད། ལོ་བརྒྱད་ལ་སླེབས་པའི་བུ་དགྲ་ལྷ་དར་རྒྱས་ཕས་པང་དུ་ཉར་སྐབས་བུས་ཁུ་སིམ་ངང་ཕ་མའི་སྐད་ཆ་ཉན་ནས་བསྡད།

    དབང་འདུས་ཀྱི་བསམ་འདུན།

    ཨ་མདོ་རྫོང་བྲག་སྨུག་གྲོང་རྡལ་འབུ་དམར་སྡེ་སྒར་སའི་རུ་དཔོན་གཞོན་པ་སློབ་སྦྱོང་ཟུར་ཁྲིད་པ་དབང་འདུས་ཀྱི་ཁྱིམ་དུ་གཅེན་གཅུང་7ཡོད། ཕ་ཚེ་ལས་འདས་རྗེས་མས་ཁྱིམ་ཚང་སྐྱོང་བཞིན་ཡོད། 2006ལོར་མཐོ་རིམ་སློབ་འབྲིང་ཐོན་པའི་དབང་འདུས་ལམ་སྲུང་རུ་ཁག་ནང་ཞུགས་ཅིང་། ཡོང་འབབ་བསགས་ནས་ཁྱིམ་སྐྱོང་རོགས་བྱེད་འགོ་ཚུགས། ད་ཆ་གཅེན་པོ་དང་གཅེན་མོ་སློབ་གྲྭ་ཐོན་ཏེ་ལས་ཀར་ཞུགས་ཡོད།

    དབང་འདུས་ཀྱི་བཟའ་ཟླ་ཡང་བྲག་སྨུག་གྲོང་རྡལ་རྒྱུད་ཀྱི་མཚོ་བོད་གཞུང་ལམ་གྱི་བདག་སྐྱོང་བཟོ་པ་ཞིག་ཡིན། བཟའ་ཚོ་གཉིས་པོའི་ལས་ཀ་བྱེད་ས་ཐག་ཉེ་པོ་ཡོད། ཁོང་གཉིས་ཀྱིས་འགྲིམ་འགྲུལ་ལམ་ཐིག་གཉིས་སྲུང་བཞིན་ཡོད་པ་དང་ཁྱིམ་ཚང་གཅིག་གི་ནང་མིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་རེ་སྒུག་བྱེད་བཞིན་མཆིས། མ་འོངས་པའི་འཆར་གཞིའི་སྐོར་གླེང་སྐབས་དབང་འདུས་ཀྱིས་ལྷ་སར་ཁང་པ་ཞིག་ཉོས་ནས་རྒན་རྒོན་དང་ཕྲུ་གུ་བསུས་ཏེ་ཕྲུ་གུ་གྲོང་ཁྱེར་དུ་སློབ་གྲྭར་གཏོང་བ་དང་རྒན་རྒོན་ཡང་ཚེ་མཇུག་སྐྱིད་པོ་ཞིག་སྐྱེལ་དུ་འཇུག་རྒྱུ་ཡིན།

    2013ལོའི་ཟླ་10པར་རང་སྐྱོང་ལྗོངས་ལྕགས་ལམ་ལམ་སྲུང་གཞུང་དོན་ཁང་གིས་ལྗོངས་ཡོངས་ཀྱི་ལོ་འཁོར་གྱི་ལྕགས་ལམ་ལམ་སྲུང“སྔོན་ཐོན་ལས་དོན་པ”ཁྲེང་ཏུར་ངལ་གསོ་དང་ལུས་གསོ་བར་འཁྲིད། རུ་མི་41ཁྲོད་ཀྱི་མང་ཆེ་བ་ནི་ལོ་ལྟར་ལྕགས་ལམ་སྲུང་སྐྱོང་གི་འཐབ་ས་མདུན་མར་འབད་འཐབ་བྱེད་ཀྱི་ཡོད་རུང་མེ་འཁོར་ནང་སྡོད་མྱོང་མེད། ལམ་བར་དུ་རུ་མི་ཚོས་མེ་འཁོར་ནང་གི་འགྲུལ་པ་དང་དངོས་ཟོག་བྱུར་བུར་བླུགས་པའི་མེ་འཁོར་ལ་ལྟ་བ་དང་རང་ཉིད་ཀྱིས་ཉིན་མཚན་ལྟོས་མེད་ངང་བཅའ་སྲུང་བྱེད་པའི་ལྕགས་ལམ་རིང་པོར་ལྟ་བཞིན་མཚོ་བོད་ལྕགས་ལམ་དེ་ཉིད་རང་ལྗོངས་ཀྱི“དཔལ་འབྱོར་དང་། མཐུན་སྒྲིལ། སྣོད་བཅུད། བདེ་སྐྱིད་ལམ”བཅས་ཀྱི་དོན་སྙིང་གཏིང་ཟབ་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།

    སོ་ལྟ་ཁང་ཨང་ལྔ་པ།

    ཉི་མ་ནུབ་རི་བརྒལ་ནས་ས་སྲོད་མཚམས་སུ་སླེབས་པ་དང་ཉིན་གང་ལྡང་བའི་རླུང་བུའི་ཤུགས་ཚད་ཀྱང་རིམ་བཞིན་ཆུང་དུ་ཕྱིན། སྒེའུ་ཁུང་གི་ཤེལ་སྒོའི་ཐོག་གི་འཁྱག་པ་ཡང་རིམ་བཞིན་མཐུག་ཏུ་ཕྱིན་སྟབས་ཕྱི་རོལ་གྱི་དྲོད་ཚད་ཧ་ཅང་དམའ་རུ་འགྲོ་འགོ་ཚུགས་པ་ཤེས་ཐུབ། གྲ་སྒྲིག་ཨང་གསར་བྱས་རྗེས་ལམ་སྲུང་རུ་མི་4རུ་སྟར་བསྒྲིགས་ནས་མུན་ནག་ཁྲོད་ལས་སྒྲུབ་བྱེད་པར་བསྐྱོད།

    གློག་བཞུའི་འོད་ཟེར་འོག་རུ་མིའི་རྨོག་ཞྭའི་ཐོག་གི“ལམ་སྲུང”ཞེས་པ་དང་སྟོད་གོས་རྒྱབ་ཀྱི“བོད་ལྗོངས་ལམ་སྲུང”ཞེས་པའི་ལྡོག་འཕྲོའི་ཡིག་འབྲུ་དེ་དག་སྔར་བས་མངོན་གསལ་དོད་དུ་ཕྱིན། ལས་ཀ་རྩིས་སྤྲོད་རྩིས་ལེན་བྱས་རྗེས་ལམ་སྲུང་རུ་མི་བློ་བཟང་རྒྱལ་མཚན་དང་རྒྱ་མཚོ་སོ་ལྟ་ཁང་དུ་ལོག ཉིན་དེའི་ལས་རེས་ལམ་ལྷོངས་བྱུང་ནས་དམིགས་བསལ་གནས་ཚུལ་གང་ཡང་ཐོན་མེད་སྟབས་ཁོང་ཚོས་འགྲོ་གིན་དུ“མཁའ་ལམ”ཞེས་པའི་གླུ་གཞས་སྐད་གསང་མཐོན་པོས་བླངས།(རིག་འཛིན་རྡོ་རྗེས་བསྒྱུར། བཀྲ་ཤིས་དང་རིག་རྡོར་གྱིས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག