མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་དང་སི་ཁྲོན་གྱིས་ཐུན་མོང་ཐོག་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-31 10:46

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཁྲེང་ཏུའུ་རུ་སི་ཁྲོན་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ཁྲོན་བོད་དབར་ཡུལ་སྐོར་མཉམ་ལས་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་མཉམ་འབྲེལ་ཐོག་ཤམ་བྷ་ལའི་སྣོད་བཅུད་ཡུལ་སྐོར་ཁུལ་གསར་སྤེལ་བྱེད་པ་དང་ཐུན་མོང་ཐོག“318འཛམ་གླིང་སྣོད་བཅུད་ཡུལ་སྐོར་ལམ་ཆེན་ཐོག་སྒེར་འཁོར་གཏོང་བའི་རང་འདོད་ཡུལ་སྐོར”དང“ཁྲོན་བོད་ཇ་རྟ་གནའ་ལམ་གྱི་སྣོད་བཅུད་རིག་གནས་ཉམས་སུ་མྱོང་བའི་ཡུལ་སྐོར”“འབྲི་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་ཡུལ་སྐོར་བར་ཁྱམས”སོགས་ཡུལ་སྐོར་བྱ་ཡུལ་དང་ཡུལ་སྐོར་ཐོན་རྫས་གཏོད་རྒྱུ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་སི་ཁྲོན་ཞིང་ཆེན་གྱི་ཧྲེང་ཀྲང་ཝུའེ་ཧུང་རྣམ་གཉིས་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཙེང་དབན་མིང་དང་སི་ཁྲོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཧོང་ཡན་རུང་གིས་ཕྱོགས་གཉིས་ཀའི་ཚབ་ཞུས་ཏེ་ཐུན་མོང་ཐོག་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་གནང་བ་རེད།

བློ་བཟང་རྒྱལ་མཚན་གྱིས་སི་ཁྲོན་དང་བོད་ནི་ས་སྦྲེལ་ཡིན་པ་དང་ཡུལ་སྲོལ་གོམས་གཤིས་ཀྱང་འདྲ་པོ་ཡོད་ཁར་སྔར་ནས་འབྲེལ་བ་དམ་ཟབ་ཡོད་པས་ལེགས་ཆ་ཕན་གསབ་ཀྱི་རང་བཞིན་ཆེ་བ་དང་ཐོན་རྫས་འཆར་འགོད་དང་། ལམ་ཐིག་གཏོད་པ། ཡུལ་སྐོར་རིག་གནས། ཡུལ་སྐོར་ཆ་འཕྲིན། ཡུལ་སྐོར་བྲིན་ཚོང་། མཉམ་འབྲེལ་འོས་སྦྱོར་སོགས་ཐད་ལ་ཐུན་མོང་གསར་སྤེལ་དང་སྤེལ་རེས་གཏིང་ཟབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཚེ་མི་མངོན་པའི་སྟོབས་ཤུགས་དང་མདུན་ལམ་ཆེན་པོ་ལྡན་ཡོད། རེ་བར་སི་ཁྲོན་དང་བོད་ཀྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཡུལ་སྐོར་ཐོན་ཁུངས་མཉམ་སྤྱོད་ཀྱིས་མཉམ་ལས་གཉིས་ཕན་ཡོང་བ་བྱས་ཏེ་རང་བྱུང་ཁམས་ཆེན་པོ་དང་ཀྲུང་ཧྭ་མི་རིགས་ཀྱི་རྩ་ཆེའི་གནའ་ཤུལ་གྱིས་ཁྲོན་བོད་གཉིས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་དུ་འཇུག་དགོས་ཞེས་གསུངས་པ་རེད།

ཝུའེ་ཧུང་གིས་ཤིས་ཚིག་ནང་ཁྲོན་བོད་ཀྱི་ཡུལ་སྐོར་ཐོན་ཁུངས་ལ་ཕན་ཚུན་ཁ་གསབ་ཀྱི་རང་བཞིན་ཆེན་པོ་ལྡན་པ་དང་ཕན་ཚུན་གཉིས་པོ་ཡུལ་སྐོར་གྱི་འགྲུལ་ཁུངས་ཁུལ་དང་ཡུལ་སྐོར་ལ་འགྲོ་ས་གལ་ཆེན་ཞིག་ཡིན། གྲོས་མཐུན་ལ་མིང་རྟགས་བཀོད་པ་དེས་ཡུལ་སྐོར་ལས་རིགས་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་སྔར་བས་གཏིང་ཟབ་ཏུ་ཕྱིན་ཏེ་ས་ཁུལ་གཉིས་པོའི་ཡུལ་སྐོར་ལས་རིགས་ལག་གདང་མཉམ་སྦྲེལ་དང་གཉིས་ཁེ་གཉིས་ཕན་ཡོང་རྒྱུར་སྐུལ་འདེད་ཐེབས་ངེས་རེད། རེ་བར་ཁྲོན་བོད་གཉིས་ཀྱིས་ཡུལ་སྐོར་མཉམ་ལས་ཀྱི་ལམ་སྲོལ་རྒྱུན་ཆད་མེད་པར་གསར་གཏོད་དང་འཐུས་ཚང་དུ་གཏོང་བ་དང་། ཡུལ་སྐོར་འགྲོ་ལམ་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཡུལ་སྐོར་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་མཉམ་འབྲེལ་ཐོག་སེམས་ཀྱི་ཉི་ཟླའི་སྣོད་བཅུད་ཡུལ་སྐོར་གྱི་སྤུས་རྟགས་གཏོད་པ་དང་ཐུན་མོང་ཐོག་ས་ཁུལ་གཉིས་པོའི་འགལ་རྐྱེན་མེད་པའི་ཡུལ་སྐོར་ཁུལ་སྐྲུན་ནས་བོད་རིགས་ས་ཁུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག