མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་གཙང་པོ་གཉིས་དང་ཆུ་བོ་བཞིའི་ནགས་གསོ་ལྗང་སྒྱུར་ལས་གཞི་དངོས་སུ་སྤེལ་འགོ་ཚུགས་པ།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-30 10:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱིའི་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་300ཟིན་པའི་བོད་ལྗོངས་ཀྱི་གཙང་པོ་གཉིས་དང་ཆུ་བོ་བཞིའི་ནགས་གསོ་ལྗང་སྒྱུར་ལས་གཞི་སྤྱི་ཚེས་29ཉིན་གཞིས་རྩེ་ས་ཁུལ་རྣམ་གླིང་རྫོང་ཨེ་མ་སྒང་ཤང་དུ་དངོས་སུ་སྤེལ་འགོ་ཚུགས་ཡོད་པ་རེད། འདི་ནི་མཚོ་བོད་ལྕགས་ལམ་གྱི་ལས་གཞིའི་རྗེས་ཀྱི་བོད་ལྗོངས་ཀྱི་མ་འཇོག་གཞི་ཁྱོན་ཆེ་ཤོས་ཀྱི་ལས་གཞི་ཞིག་ཡིན།

གཙང་པོ་གཉིས་དང་ཆུ་བོ་བཞི་ནི་ཡར་ཀླུང་གཙང་པོ་དང་རྒྱལ་མོ་རྔུལ་ཆུ། ལྷ་ས་སྐྱིད་ཆུ། མྱང་ཆུ། ཉག་ཆུ། སེང་གེ་ཁ་འབབ་བཅས་ཡིན་པ་དང་། དེ་དག་ནི་བོད་ལྗོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་རའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལས་གཞི་འདི་བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7དང་རྫོང་44ལ་ཁེབས་ཡོད་ཅིང་། འཛུགས་སྐྲུན་དུས་ཡུན་སྤྱི་ལོ་2014ལོ་ནས་2030ལོ་བར་ཡིན་པ་རེད།

བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་ནགས་གསོ་ལྗང་སྒྱུར་ཁྲུའུ་ཡི་འགོ་འཛིན་ཏུང་དབྱིས་ཅུན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། གཙང་པོ་གཉིས་དང་ཆུ་བོ་བཞིའི་རྒྱུག་ཁོངས་སུ་བོད་ལྗོངས་ཀྱི་བརྒྱ་ཆ་80ཡན་གྱི་མི་འབོར་གཅིག་འདུས་བྱས་ཡོད་པ་དང་། ལས་གཞི་འདིས་གཙང་པོ་གཉིས་དང་ཆུ་བོ་བཞིའི་རྒྱུག་ཁོངས་ཀྱིས་སྒྲོམ་གཞི་བྱེད་པ་དང་ཆབས་ཅིག ནགས་ཚལ་གྱིས་གྲོང་ཁྱེར་བསྐོར་བ་དང་། ནགས་ཚལ་གྱི་ཆུའི་མ་ལག འགོག་རྐྱེན་མེད་པའི་འགྲོ་ལམ་སོགས་གཙོ་གནད་ནགས་གསོ་ལྗང་སྒྱུར་གྱི་ལས་གཞི་གསུམ་ལག་བསྟར་བྱ་རྒྱུ་དང་། དེས་རྒྱུག་ཁོངས་དེ་དག་གི་ཆུ་གསོག་ཚད་དང་རླུང་འགོག་བྱེ་འགོག ས་ཆུའི་རྒྱུན་འཁྱོངས་ནུས་པ་བཅས་མཐོ་རུ་གཏོང་རྒྱུ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ར་འཛུགས་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་ཡིན་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག