མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་དགོན་སྟོད་གྲོང་རྡལ་གྱི་སློབ་ཆུང་སློབ་མས་མཉམ་དུ་སྐྱེས་སྐར་བཏང་ནས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ 55འཁོར་བར་དྲན་གསོ་ཞུས་པ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-03-29 12:55

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་55འཁོར་བའི་དྲན་གསོའི་ཉིན་མོ་འཆར་ཉེའི་མཚམས་འདིར་གཞོན་ནུ་ལོ་ཆུང་ཚོས་བོད་ཀྱི་ལོ་རྒྱུས་རྒྱུས་མངའ་ཡོང་བར་ཕན་ཐོགས་ཐུབ་ཆེད་དགོན་སྟོད་གྲོང་རྡལ་ལྟེ་བའི་སློབ་ཆུང་གིས“མཉམ་དུ་སྐྱེས་སྐར་གཏོང་བའི”བྱེད་སྒོ་སྤེལ་བ་དང་། སློབ་མ་ཚོས་ཞབས་བྲོ་འཁྲབ་པ་དང་སྐྱེས་སྐར་བག་ལེབ་བཟའ་བ། རང་ཉིད་ཀྱི་ཕུགས་འདུན་མཚོན་པའི་ཤོག་བྱང་བསྒར་ནས་དགུང་ལོ་64ལ་ཕེབས་པའི་རྒན་མོ་སྒྲོལ་མ་ལྷ་མོ་དང་མཉམ་དུ་སྐྱེས་སྐར་བཏང་བ་རེད།

    ཞབས་བྲོའི་འཁྲབ་སྟོན་ཚར་རྗེས་ཕྲུ་གུ་ཚོས་རྒན་མོ་སྒྲོལ་མ་ལྷ་མོས་བརྗོད་པའི་ཆུང་དུས་ཀྱི་འཚོ་བའི་སྐོར་ཉན་འགོ་ཚུགས་ཡོད།

    དགུང་ལོ་64ལ་ཕེབས་པའི་སྒྲོལ་མ་ལྷ་མོ་ནི་ཞིང་བྲན་གྱི་ཁྱིམ་ཚང་དུ་སྐྱེས་པ་དང་ཆུང་དུས་ཞིང་བྲན་ཁྲི་ཚོ་བརྒྱ་དང་འདྲ་བར་ལུས་པོ་གོས་ཀྱིས་མི་འཐུམ་པ་དང་གྲོད་པ་ཟས་ཀྱིས་མི་རྒྱགས་པའི་འཚོ་བ་བསྐྱལ་དགོས་ཀྱི་ཡོད། “ཆུང་དུས་སྡོད་སའི་ཁྱིམ་ཚང་གི་ཐོག་སྟེང་ནས་ཆར་ཆུ་ཐིགས་པ་རྒྱག་པ་དང་སྔོན་ཆད་ཁྱིམ་ཚང་ནང་སྣུམ་བཞུ་སྤར་དགོས་ཀྱི་ཡོད།ད་ཆ་ཁྱིམ་ཚང་ཚང་མས་གློག་བེད་སྤྱོད་ཐུབ་པ་དང་ཆུ་ཀ་ལ་འཁྲིད་ཡོད་པས་འཚོ་བ་དངོས་འབྲེལ་ཡག་ཏུ་ཕྱིན་ཡོད”ཅེས་ཁོང་གིས་རང་ཉིད་ཀྱི་བྱིས་དུས་སྐབས་ཀྱི་འཚོ་བའི་རྣམ་པ་བརྗོད་པ་དང་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་བསྔགས་བརྗོད་གནང་།

    ལོ་རིམ་ལྔ་པར་སླེབས་པའི་འཆི་མེད་སྒྲོལ་དཀར་གྱིས། “རྨོ་བོ་ལགས་ཀྱིས་བརྗོད་པའི་མྱོང་རྒྱུད་དེ་དག་ཉན་རྗེས་ངས་ད་ལྟའི་འཚོ་བ་ཧ་ཅང་བདེ་སྐྱིད་ཡིན་པ་ཤེས་བྱུང་། ངས་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ནས་ཕ་མ་དང་དགེ་རྒན་གྱི་རེ་བ་ཆུད་ཟོས་སུ་གཏོང་གི་མིན”ཞེས་བརྗོད།

    རྒན་མོ་སྒྲོལ་མ་ལྷ་མོས་སློབ་ཆུང་སློབ་མ་ཚོར་ད་ལྟའི་བདེ་སྐྱིད་འཚོ་བར་གཅེས་འཛིན་བྱས་ནས་སློབ་སྦྱོང་ཡག་པོ་བྱེད་དགོས་པ་དང་བཀའ་དྲིན་བསམ་ཤེས་ཐུབ་པའི་མི་ཞིག་བྱེད་དགོས་པའི་སློབ་གསོ་གནང་།

    རྒན་མོ་སྒྲོལ་མ་ལྷ་མོས་བརྗོད་པའི་བྱིས་དུས་ཀྱི་སྐོར་ཉན་རྗེས་ཕྲུ་གུ་ཚོས་སྐྱེས་སྐར་གྱི་བག་ལེབ་བཟའ་འགོ་ཚུགས།

    གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སློབ་སྤྱི་སྤེན་པ་ཚེ་རིང་གིས། “འདི་ནི་བྱེད་སྒོ་དེ་རིགས་སྤེལ་ཐེངས་ལྔ་པ་ཡིན་པ་དང་དམིགས་ཡུལ་ནི་སློབ་མ་ཚོས་ཆུང་དུས་ནས་བོད་ཀྱི་ལོ་རྒྱུས་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་མ་བཏང་གོང་གི་འཚོ་བ་ཤེས་རྟོགས་ཐུབ་རྒྱུ་དང་སློབ་མ་ཚོས་རང་འགུལ་ངང་སློབ་སྦྱོང་བྱེད་པའི་སེམས་ཤུགས་མུ་མཐུད་མཐོ་རུ་གཏོང་རྒྱུ་རེད”ཅེས་ངོ་སྤྲོད་བྱས།

    ལྷོ་ཁ་ས་ཁུལ་གོང་དཀར་རྫོང་རྫོང་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཡེ་ཤེའུ་ཧྥང་གིས། 2009ལོའི་ཟླ་1ཚེས་19ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ལོ་རེའི་ཟླ་3ཚེས་28ཉིན་དེ “བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར”གཏན་འཁེལ་བྱས་པ་དང་འདི་ལོ་ནི་ལོ་ངོ་55འཁོར་བའི་ལོ་ཡིན་པས་བོད་རིགས་མང་ཚོགས་མང་པོས་ཉིན་མོ་དེར “སྐྱེས་སྐར”ཞེས་འབོད་ཀྱི་ཡོད་ངོ་སྤྲོད་བྱས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག