མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་གི་མི་དམངས་དང་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ལ་བཏང་བའི་འཚམས་འདྲིའི་ཡི་གེ

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-03-29 12:55

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་འཆར་བའི་མཚམས་འདིར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་གྲྭ་བཙུན་ལ་འཚམས་འདྲིའི་ཡི་གེ་བཏང་ནས་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

    འཚམས་འདྲིའི་ཡི་གེའི་ནང་དོན་ཆ་ཚང་གཤམ་གསལ།

    ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་གྲྭ་བཙུན་རྣམ་པ།

    ཟླ་3ཚེས་28ཉིན་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དུས་ཆེན་གཟབ་རྒྱས་ཤིག་སྟེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་རེད། 1959ལོའི་ཟླ་3ཚེས་28ཉིན་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་དུ་རླབས་ཆེ་བའི་དམངས་གཙོའི་བཅོས་སྒྱུར་བྱེད་འགོ་བཙུགས་ཏེ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དཔྱིས་ཕྱིན་པ་མེད་པ་བཟོས་ནས་བོད་ཀྱི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་རྐྱང་ཞིག་ཕྱེ་བ་རེད། “བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”ཐེངས་དྲུག་པ་འཆར་བའི་མཚམས་འདིར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་གྲྭ་བཙུན་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམགསྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་ལ་བླ་ན་མ་མཆིས་པའི་གུས་འདུད་ཞུ་རྒྱུ། དུས་ཡུན་རིང་པོའི་ནང་བོད་ཀྱི་འཕེལ་རྒྱས་དང་ཡར་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་ས་ཁོངས་ཕྱིའི་བོད་རིགས་སྤུན་ཟླ་དང་། ཕྱིར་སྡོད་སྤུན་ཟླ། རྒྱལ་སྤྱིའི་གྲོགས་པོ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    བརྗིད་ཉམས་ལྡན་པའི་རི་བོ་ཧི་མ་ལ་ཡས་ལོ་རྒྱུས་ཀྱི་འཕོ་འགྱུར་མངོན་པར་བྱེད། དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་ལོ་རྒྱུས་ཐོག་ཆེས་རྒྱ་ཁྱབ་དང་། ཆེས་གཏིང་ཟབ། ཆེས་རླབས་ཆེན་བཅས་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་རེད། བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དེ་ཡོ་རོབ་ཀྱི་དུས་རབས་བར་མ་ལས་མུན་ནག་དང་།གདུག་རྩུབ།ཀླ་ཀློ།རྗེས་ལུས་བཅས་ཆེ་བ་ཡོད།

    ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་དབང་སྒྱུར་འོག་བོད་ཀྱི་མི་འབོར་སྤྱིའི་5%ཡང་མི་ཟིན་པའི་ཞིང་བྲན་བདག་པོའི་གྲལ་རིམ་གྱིས་ཐོན་སྐྱེད་རྒྱུ་ཆ་ཕལ་ཆེ་བ་བཟུང་བ་དང་རིམ་པ་ནན་པོའི་ལམ་ལུགས་དང་ཡ་ང་སྙིང་རྗེ་མེད་པའི་ཉེས་ཁྲིམས་ཀྱིས་མི་རིགས་ཁག་གི་མི་དམངས་ཀྱི་ལུས་སེམས་ལ་མནར་གཅོད་ཚད་མེད་བཏང་སྟེ་ཞིང་བྲན་ཁྲི་ཚོ་བརྒྱས་རྟ་ཟོག་སེམས་ཅན་ལྟ་བུའི་འཚོ་བ་བསྐྱལ་ནས་གདུག་རྩུབ་དང་ཧ་ཅང་དབུལ་ཞིང་ཕོངས་པའི་མི་ཡུལ་གྱི་དམྱལ་ཁམས་སུ་དཀའ་སྡུག་ཚད་མེད་མྱངས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་དམངས་གཙོའི་བཅོས་སྒྱུར་གྱིས་མི་དམངས་དམངས་གཙོའི་སྲིད་དབང་བཙུགས་པ་དང་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་རང་ཉིད་ལ་དབང་བའི་ས་ཞིང་ཡོད་པར་གྱུར་པ་མ་ཟད། སྤྱི་དམངས་ཀྱི་དབང་ཆ་ཁག་ཐོབ་ནས་བོད་གསར་པ་དང་རྒྱལ་ཁབ་ཀྱི་བདག་པོར་གྱུར་ཡོད། དུས་དེ་ནས་བཟུང་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་མཆོང་སྐྱོད་ཆེན་པོ་བྱུང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུའི་ཐོག་བསྐྱོད་དེ་ཉིན་རེ་ལས་ཉིན་རེར་ལེགས་པའི་བདེ་སྐྱིད་འཚོ་བ་སྐྱེལ་རྒྱུ་བྱུང་བ་རེད། དེ་ནི་ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་དང་རྒྱལ་སྤྱིའི་ཞིང་བྲན་ལམ་ལུགས་མེད་པ་བཟོ་བའི་ལས་འགུལ་གྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་མ་ཐེབས་པ་རེད།

    དྲག་ཏུ་རྒྱུག་པའི་ཡར་ཀླུང་གཙང་པོས་སྤྱི་ཚོགས་ཡར་རྒྱས་ཀྱི་དཔང་པོ་བྱས་ཡོད། ལོ་ངོ་55རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་གཅིག་སེམས་དང་དཀའ་སྤྱད་འབད་འཐབ་བྱས་པས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་བྱ་གཞག་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད། བོད་ལྗོངས་འདི་ཉིད་མུན་ནག་ནས་འོད་སྣང་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་ཕྱུག་འགྱུར། སྒེར་གཅོད་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་སྐྱོད་དེ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ“ལྟེ་བ་གཅིག་དང་། དོན་ཆེན་གཉིས།འགན་ལེན་བཞི”བཅས་ལ་དམ་པོར་དམིགས་པ་དང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། སེམས་ཤུགས་ཡོད་རྒུས་དམངས་འཚོར་ཕན་འདོགས་པ། ཏང་འཛུགས་སྐྱོང་དམ་འཛིན་ལྷོད་མེད་བྱེད་པ་བཅས་བྱས་པས་ལས་དོན་ཁག་ལ་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་སྟེ་རང་ལྗོངས་སུ་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། རིག་གནས་དར་རྒྱས། སྣོད་བཅུད་ལེགས་པ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་ཀྱི་རྣམ་པ་གསར་པ་ཞིག་སྔར་བས་གཏོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱས་ཚེ་བོད་ལ་གཞི་ནས་དར་རྒྱས་ཞི་མཐུན་གྱི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་ཡིན་པ་ལོ་རྒྱུས་ཐོག་ནས་རྩོད་ཐབས་བྲལ་བའི་ངང་ར་འཕྲོད་བྱུང་ཡོད།

    ལོ་རྒྱུས་བློ་ལ་བརྟན་པོར་ངེས་ཏེ་ང་ཚོས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བར་སྔར་ལས་ལྷག་པའི་གཅེས་སྤྲས་བྱེད་དགོས།མ་འོངས་པར་རྒྱང་ལྟ་བྱས་ཏེ་ང་ཚོས་ཏང་གི་རྗེས་སུ་འབྲངས་བའི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་གཏོང་དགོས། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་པའི”འཐབ་ཇུས་དགོངས་པ་གལ་ཆེན་དང“བོད་ལྗོངས་རྒྱུན་སྲིང་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་ཧུར་ཐག་ཡོང་བ་བྱེད་པའི”མཆན་འགོད་གལ་ཆེན་ལག་བསྟར་དོན་འཁྱོལ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་། བོད་ཡུན་རིང་འཛུགས་སྐྲུན། མི་སེམས་ཐོབ་ཐབས། རྨང་གཞི་བརྟན་གཏོང”བཅས་ཀྱི་མཛུབ་ཁྲིད་བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་ཀུན་སེམས་གཅིག་སྒྲིལ་དང་།འབད་འབུངས་ཡར་བརྩོན། ཡར་རྒྱས་ལྷུར་ལེན། སྒྱུར་བཅོས་གསར་གཏོད་བཅས་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ཀྲུང་གོའི་ཕུགས་འདུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས།

2014ལོའི་ཟླ་3ཚེས་26ཉིན།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག