མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་གསར་པ་བླངས་པ།

བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ང་ལྔ་འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་དཔྱད་གླེང་དང་པོ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-27 16:50

    1959ལོའི་ཟླ་3ཚེས་28ཉིན་ནི་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་དེ་སྔའི་བོད་ས་གནས་སྲིད་གཞུང་མེད་པ་བཟོས་ནས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ལྷན་གྱིས་བོད་ས་གནས་སྲིད་གཞུང་གི་དབང་ཆ་སྤྱོད་རྒྱུའི་བཀའ་ཁྱབ་བསྒྲགས་བྱས་པ་དང་དུས་དེ་ནས་བཟུང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་སྟེ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་དགོས་པའི་བརྗིད་ཆེའི་སྤྱི་ཚོགས་ཀྱི་གསར་བརྗེ་ཆེན་པོ་ཞིག་བྱས་པ་དེ་ཐོག་ནས་དུས་རབས་རྙིང་པ་མཇུག་འགྲིལ་ནས་དུས་རབས་གསར་པ་འགོ་ཚུགས་པ་མངོན་གྱི་ཡོད།

    ཤར་ཕྱོགས་ནས་རླུང་བུ་ལྡང་བ་དེ་རི་མཐོ་གཡང་གཟར་བརྒལ་བ་དང་མུ་མཐའ་མེད་པའི་རྩྭ་ཐང་བརྒྱུད་གནའ་བོའི་ས་གཞིའི་ཐོག་སྐར་ལྔའི་དར་དམར་རླུང་ཕྱོགས་དང་བསྟུན་ནས་གང་སར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།ལོ་53གོང་གི་དཔྱིད་དུས་དེ་མི་ཚོས་ནམ་ཡང་བརྗེད་མི་སྲིད་པ་དང་།དུས་དེ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ནམ་ཡང་རྗེས་དྲན་ཞུ་རིན་ལྡན་པའི་དུས་ཆེན་གཟབ་རྒྱས་ཤིག་ཡིན་ཞེས་བརྗོད་དོན་ནི་ཡུལ་གྲུ་དེའི་མི་རྣམས་འདྲ་མཉམ་ངང་འཚོ་བ་སྐྱེལ་རྒྱུ་དང་རང་ལུས་རང་དབང་ཐོབ་པས་ཡིན།

    འཚོ་བའི་བདག་པོར་གྱུར་པ།

    རྒྱལ་རྩེ་རྫོང་ལྕང་ར་ཤང་དཔལ་འབྱོར་ལྷུན་པོ་གྲོང་ཚོའི་བགྲེས་སོང་མིག་དམར་དོན་གྲུབ་ད་ལོ་ལོ་79ལ་སོན་ནའང་ལུས་པོ་ཐང་པོ་ཡོད་ཁར་ནང་མི་བདུན་པོ་འཆམ་མཐུན་ངང་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་མཆིས།

    དཔལ་འབྱོར་ལྷུན་པོ་གྲོང་ཚོར་བགྲེས་སོང་མིག་དམར་དོན་གྲུབ་ཀྱིས་ཚེ་མཇུག་སྐྱིད་པོ་སྐྱེལ་བཞིན་ཡོད་ལ་སྔར་སོང་གི་སྡུག་བསྔལ་ཁོང་གིས་རྡོ་ལ་རི་མོ་བརྐོས་པ་ལྟར་བརྗེད་མི་སྲིད།བགྲེས་སོང་གིས་ཐག་ཉེ་སར་གནས་པའི་ཕ་ལྷ་གཞིས་ཀར་མཛུབ་མོ་བཙུགས་ཏེ་རང་ནི་དེའི་ནང་གཟན་ཡིན་པ་དང་ལོ་བཅུ་ལྷག་ནང་མི་ལུས་ལ་རང་དབང་མེད་པས་གང་བྱུང་དུ་བཙོངས་ཆོག་པའི་སྡུག་བསྔལ་མྱངས་པ་ཡིན་ཞེས་གསར་འགོད་པར་བརྗོད་བྱུང་།

    གཞི་ཁྱོན་སྨི་ངོས་གྲུ་5000ལྷག་ཙམ་ཟིན་པའི་ཕ་ལྷ་གཞིས་ཀར་ཐོག་སོ་གསུམ་དང་ཁང་མིག་82ཡོད་རུང་གཞི་ཁྱོན་སྨི་ངོས་གྲུ་150ཙམ་ཟིན་པའི་ནང་གཟན་སྡོད་སར་ཁྱིམ་དུད་14ཡི་ནང་མི་60ལྷག་ཙམ་འཚོ་བ་སྐྱེལ་ནས་བསྡད་ཀྱི་ཡོད་པས་མི་རེའི་ཆ་སྙོམས་ཀྱི་སྡོད་ས་སྨི་ངོས་གྲུ་2.5ཡང་ལོན་གྱི་མེད།བགྲེས་སོང་མིག་དམར་དོན་གྲུབ་ཀྱིས་སྐབས་དེ་དུས་ང་ཚོ་ནང་མི་གསུམ་པོ་སྨི་ངོས་གྲུ་5ཙམ་ཟིན་པའི་ཁང་ཆུང་ཞིག་ནང་འཚང་ཁ་བརྒྱབ་ནས་སྡོད་ཀྱི་ཡོད་པ་དང་ས་ཁྲི་ནི་ཉལ་ས་ཡིན་ཞེས་དྲན་གསོ་བྱས།

    མིག་དམར་དོན་གྲུབ་ཀྱིས་དེ་དུས་ང་ཚོ་ནང་མི་གསུམ་པོའི་ཉིན་གཅིག་གི་ཟ་འབྲུ་ནི་རྩམ་པ་སྐྱོགས་གསུམ་ལས་སྟེར་གྱི་མེད་པ་དེའང་དྲི་ངན་བྲོ་གི་ཡོད།གལ་ཏེ་ནང་གི་བཟའ་འབྲུ་རྫོགས་ན་ང་ཚོས་གཞིས་ཀའི་སྦྱིན་བདག་ལ་སློང་བར་འགྲོ་རྒྱུ་ལས་མ་འདས།སྦྱིན་བདག་སེམས་པ་སྐྱིད་པོ་བྱུང་ན་རྩམ་པ་ཏོག་ཙམ་སྟེར་གྱི་ཡོད་པ་དང་ཁོང་ཚོ་སེམས་པ་སྐྱིད་པོ་མ་བྱུང་ཚེ་ཉེས་རྡུང་གཏོང་གི་ཡོད་ཅེས་བརྗོད།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཕ་ལྷ་གཞིས་ཀའི་ནང་གཟན་ཡོངས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་སྟེ་མི་རབས་དང་མི་རབས་ནང་གཟན་བྱེད་མཁན་ཚོར་རང་ལ་བདག་པའི་ཁང་པ་ཐོག་མ་རག་པ་དང་ས་ཞིང་དང་ཐོན་སྐྱེད་རྒྱུ་ཆ་གཞན་གྱི་བདག་པོར་ཐོག་མར་འགྱུར་ཁར་རྒྱལ་ཁབ་དང་བོད་ཀྱི་བདག་པོར་ཡང་གྱུར་ཐོག་དུས་དེ་ནས་བཟུང་ཁོང་ཚོའི་ཚེ་སྲོག་གི་བདེ་འཇགས་དང་མི་ལུས་ཀྱི་རང་དབང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་ལེན་ཐོབ་ཡོད།མིག་དམར་དོན་གྲུབ་ཀྱིས“དེ་དུས་ང་ཚོ་ཁྱིམ་དུད་བཞི་ལ་གཡག་གཅིག་དང་ས་མུའུ་500བགོས་ཁར་ངས་ཀྱང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ནས་རྒྱལ་ཁབ་ཀྱི་ལས་བྱེད་པར་གྱུར་པ་དང་སྔ་རྟིང་དུ་ལྕང་ར་ཆུས་ཨུད་ཀྱི་ཨུ་ཡོན་དང་།འོད་སྣང་ཤང་གི་ཏང་ཀྲི་པུའི་ཧྲུའུ་ཅི།འོད་སྣང་ཤང་གི་ཤང་ཀྲང་བཅས་ཀྱི་འགན་འཁུར་བ་ཡིན”ཞེས་བརྗོད།

    ད་ཆ་མིག་དམར་དོན་གྲུབ་དང་བཅས་པ་གཞི་ཁྱོན་སྨི་ངོས་གྲུ་400ལྷག་ཙམ་ཡོད་པའི་བཀོད་པ་ཤིན་ཏུ་མཛེས་པའི་ཐོག་སོ་ཉིས་ལྡན་གྱི་ཁང་པའི་ནང་སྤོས་ཤིང་།ཁོང་གི་བུ་ཕྲུག་ཚོས་2011ལོར་བདེ་སྡོད་ལས་གྲྭ་ལག་ལེན་བསྟར་དུས་ཁང་པར་ཁྱོན་དངུལ་སྒོར་ཁྲི་12བཏང་ནས་བསྐྲུན་པ་དེར་ལས་མིའི་གླ་ཆ་ཚུད་མེད་ཅེས་ངོ་སྤྲོད་བྱས།ཕ་ལྷ་གཞིས་ཀ་ལས་མཛེས་པའི་སྡོད་ཁང་གསར་པའི་ནང་སྤོས་རྗེས་བགྲེས་སོང་མིག་དམར་དོན་གྲུབ་ཀྱིས་ཞོགས་པ་ལངས་ནས་རྒྱ་ཆེ་ཞིང་དཀར་ཆ་དོད་པའི་ཁང་པ་མཐོང་སྐབས་རྨི་ལམ་དང་འདྲ་པོ་འདུག་ཅེས་དགའ་སྤྲོའི་ངང་བཤད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག