མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཀྲུའུ་ཞའོ་ཏན་དང་བློ་བཟང་རྒྱལ་མཚན་གྱིས་ཉིང་ཁྲིའི་ཡུལ་སྐོར་གསར་སྤེལ་འཛུགས་སྐྲུན་ལ་གཟིགས་ཞིབ་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-27 10:28

འདི་ནི་ཟླ3པའི་ཚེས24ཉིན་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཀྲུའུ་ཞའོ་ཏན་དང་བོད་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཉིང་ཁྲི་རྫོང་དཀའ་ལམ་གྲོང་ཚོར་གྲོང་མི་དང་བྱམས་བརྩེའི་ངང་གླེང་མོལ་གནང་བའི་གནས་ཚུལ་ཡིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས24ཉིན་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཀྲུའུ་ཞའོ་ཏན་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ན་ནིང་ཟླ10པར་ཕེབས་པ་དང་ད་ཐེངས་སླར་ཡང་ཉིང་ཁྲིར་ཕེབས་ནས་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་འཆར་འགོད་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་ཡུལ་སྐོར་གསར་སྤེལ་ལས་དོན་ལ་གཟིགས་ཞིབ་གནང་བ་རེད།

 ཟླ3པར་ཉིང་ཁྲིར་ཁམ་བུའི་མེ་ཏོག་བཞད་པ་དང་སྔོ་ཐིང་ཐིང་གི་དཔྱིད་ཉམས་མངོན། ཞོགས་པ་ཀྲུའུ་ཞའོ་ཏན་དང་བློ་བཟང་རྒྱལ་མཚན་དང་བཅས་པ་གནམ་ཐང་ནས་ཐོན་མ་ཐག་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་བྱེད་ཡུལ་དུ་ཕེབས་ནས་ས་གནས་ས་ཐོག་ཏུ་ཀླུ་ནང་གི་འཆར་འགོད་དང་འཛུགས་སྐྲུན་ཇུས་གཞི་དང་། རྣམ་གྲངས་འཕེལ་རིམ། ལེ་ལག་ཚང་བའི་འཛུགས་སྐྲུན་སོགས་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་གནང་བ་དང་འབྲེལ་ལས་དོན་སྙན་ཞུ་གསན་གནང་བ་རེད།

ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་ཀྱི་རྣམ་གྲངས་དེ2012ལོའི་ཟླ3པར་རྩིག་རྨང་བཏིང་ནས་ལས་འགོ་བཙུགས་ཚུན་ཀོང་ཏུང་ཞིང་ཨུད་དང་སྲིད་གཞུང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་འགོ་ཁྲིད་བློ་མཐུན་གཙོ་བོ་འཐབ་ཕྱོགས་དང་པོར་ཐེངས་མང་ཕེབས་ནས་ས་གནས་ས་ཐོག་ཏུ་ལས་དོན་སྒྲུབ་པ་དང་། མངོན་གསལ་དོད་པའི་གནད་དོན་རེ་རེ་བཞིན་ཞིབ་འཇུག་དང་ཐག་གཅོད་གནང་ཐོག་རྣམ་གྲངས་འཛུགས་སྐྲུན་ལ་མཐུན་སྦྱོར་དང་སྐུལ་འདེད་བཏང་བ་རེད། འབྲེལ་ཡོད་སྡེ་ཚན་དང་། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ། ཇུས་འགོད་ཚོགས་པ་བཅས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་འབྲེལ་གཏུག་དང་གཞོགས་འདེགས་ཧུར་ཐག་བྱས་ཡོད། མིག་སྔར་རྣམ་གྲངས་འཛུགས་སྐྲུན་ཐད“ཕྱོགས་མང་གི་རྒྱབ་སྐྱོར་དང་དུས་འགོའི་གྲ་སྒྲིག་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བ་དང་། སྒྲིག་འཛུགས་ཞིབ་ཚགས་དང་ཁྱོན་ཡོངས་ཀྱི་འཛུགས་སྐྲུན་བྱེད་འགོ་འཛུགས་གྲབས་ཡོད་པའི”རྣམ་པ་བཟང་པོ་ཞིག་ཆགས་ཤིང་། ལས་དོན་ཁག་གཏན་འཁེལ་བྱས་པའི་དུས་ཚོད་དང་ལྷུ་ཚིགས་གཞིར་བཟུང་བདེ་བླག་ངང་སྐུལ་འདེད་གཏོང་བཞིན་ཡོད་པས་སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་བཟོ་སྐྲུན་གྱི་གཙོ་གཟུགས་ལེགས་སྒྲུབ་ཟིན་རྒྱུ་དང་། 2015ལོའི་ལོ་མཇུག་ཏུ་ཁང་པའི་ནང་གི་མཛེས་བཟོ་དང་། གྲོང་ཁྱེར་འཛུགས་སྐྲུན་ལས་གྲྭ སྐྱེད་ཚལ་འཛུགས་སྐྲུན་བཅས་ལེགས་སྒྲུབ་ཟིན་རྒྱུ་རེད། ལས་དོན་སྙན་ཞུ་ནན་ཏན་ངང་གསན་རྗེས་ཀྲུའུ་ཞའོ་ཏན་དང་བློ་བཟང་རྒྱལ་མཚན་གྱིས་རྣམ་གྲངས་ཀྱི་འཕེལ་རིམ་ལ་ཁས་ལེན་གནང་བ་དང་དེའི་ནང་ཞུགས་མཁན་ཚན་པར་ཐུགས་རྗེ་ཆེ་ཞུས་པ་རེད།

ཀྲུའུ་ཞའོ་ཏན་གྱིས་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་བྱ་རྒྱུ་དེ་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་རྣམ་གྲངས་ཤིག་ཡིན་པས་རེ་སྒུག་དང་དོ་ཁུར་ཆེན་པོ་ཐོབ་ཡོད་ཅེས་ནན་བཤད་གནང་བ་རེད། ཁོང་གིས་གཅིག་ནས་རྣམ་གྲངས་ཇུས་འགོད་དང་ཀླུ་ནང་མཛེས་ལྗོངས་ཁུལ་ཆེ་མོའི་ཚོད་འཛིན་རང་བཞིན་གྱི་འཆར་འགོད་ཞིབ་ཕྲ་བཟོ་བའི་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་གྲོང་རྡལ་ལྟེ་བར་བྱས་ནས་ཀླུ་ནང་མཛེས་ལྗོངས་ཁུལ་ཆེན་སྐྲུན་དགོས་པ་དང་། གཉིས་ནས་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་སྔོན་ལ་ལས་འགོ་བཙུགས་པའི་སློབ་གྲྭ་དང་སྨན་ཁང་སོགས་དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ཡག་པོ་བྱས་ཏེ་ལེ་ལག་ཚང་བའི་ཚད་གཞི་འོས་འཚམ་ངང་མཐོ་རུ་བཏང་ཐོག་མང་ཚོགས་བློ་བདེ་པོ་ཡོང་བ་བྱེད་དགོས་པ། གསུམ་ནས་ལྗང་མདོག་དང་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་གཞིར་བཟུང་། རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་བྱས་ཏེ་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོས་ནུས་རྒྱུ་བསྲི་ཚགས་དང་། བཙོག་འབུད་ཉུང་གཏོང་། གད་སྙིགས་གཙང་སེལ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ། བཞི་ནས་དྲ་ཆེན་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་བྱས་ཏེ་ཡུལ་མི་དང་ཡུལ་སྐོར་བར་དུས་དང་རྣམ་པ་ཀུན་ཏུ་སྟབས་བདེའི་ཆ་འཕྲིན་ཅན་གྱི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས་པ། ལྔ་ནས་ལས་གྲྭ་ཁག་འབྲེལ་མཐུད་ཡག་པོ་བྱས་ཏེ་བཟོ་སྐྲུན་གྱི་ཉམས་འགྱུར་གཅིག་གྱུར་དང་མཛེས་ལྗོངས་འཐུས་ཚང་ཡོང་བའི་འགན་ལེན་བྱེད་དགོས་པ། དྲུག་ནས་མཐའ་འཁོར་གྱི་གྲོང་ཚོ་དེ་དག་ངེས་པར་དུ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་དང་ཞིང་ཁྱིམ་ཡུལ་སྐོར་དཔེ་སྟོན་གྲོང་ཚོའི“དཔེ་སྟོན་གྲོང་ཚོ་གཉིས”སྐྲུན་དགོས་པ། བདུན་ནས་ཚོང་དུད་འགུགས་རྒྱུར་དམ་འཛིན་བྱས་ཏེ་འཛུགས་སྐྲུན་དང་ཚོང་འགུགས་གཉིས་ཀར་འཐུས་ཤོར་མི་ཐེབས་པ་བྱས་ཐོག་གཅིག་འདོམས་སྐུལ་འདེད་གཏོང་དགོས་པ། བརྒྱད་ནས་སྒོ་དབྱེ་སྔར་བས་རྒྱ་ཆེར་བཏང་ནས་འགྲིམ་འགྲུལ་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཡུལ་སྐོར་བ་དེ་བས་མང་བ་བོད་དུ་འགྲོ་འོང་བྱ་རྒྱུར་སྟབས་བདེ་སྐྲུན་དགོས་པ། དགུ་ནས་ལས་གྲྭའི་སྤུས་ཚད་འགན་ལེན་བྱས་ཏེ་གཅིག་གྱུར་ལྟ་སྐུལ་དོ་དམ་བྱས་ནས་ཀླུ་ནང་དེ་ཉིད“བོད་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ལྡན་པ་དང་། རང་བྱུང་གི་སྣོད་བཅུད་ཡོད་པ། དྭངས་གཙང་དབེན་འཇམ། དེང་རབས་ཀྱི་དར་བཟོ་ཆེ་བ”བཅས་ཀྱི་འཛམ་གླིང་གི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་རྩེ་གྲ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

བློ་བཟང་རྒྱལ་མཚན་གྱིས་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་བྱ་རྒྱུ་དེ་བོད་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ངེས་གནས་དང་མཐུན་པ་དང་། “འཛམ་གླིང་ཐོག་གི་ས་གཙང་མཐའ་མ”དེ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་བླང་བྱ་མཚོན་ནས་བོད་དང་ལྷག་པར་དུ་ཉིང་ཁྲིའི་སྣོད་བཅུད་ཡུལ་སྐོར་དེ་དོན་སྙིང་ལྡན་པ་དང་། སྤུས་རྟགས་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། འབྲེལ་ཡོད་ཚན་པ་ཁག་གིས་ཚད་མཐོའི་རང་རྟོགས་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་ཀོང་ཏུང་དང་ལག་གདང་སྦྲེལ་ཏེ་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་ལས་ལ་གཞོལ་ཐོག་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་བྱེད་པའི་འགྱེད་འཕྲོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འཛམ་གླིང་གི་ཡུལ་སྐོར་བྱེད་ཡུལ་འཛུགས་སྐྲུན་བྱ་རྒྱུ་དེ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་ཞིག་ཆགས་པ་བྱེད་དགོས། གཅིག་ནས་ཧྲེང་ཀྲང་ཀྲུའུ་ཞའོ་ཏན་གྱི་གསུང་བཤད་གལ་ཆེན་དོན་འཁྱོལ་བྱ་རྒྱུར་ཐད་ཤུགས་བརྒྱབ་ནས་བྱ་སྤྱོད་མྱུར་སྤེལ་གྱིས་འགན་འཁྲི་འཁུར་སེམས་དང་བྱ་གཞག་སྒྲུབ་སེམས་ཆེན་པོའི་ཐོག་ནས་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཡག་པོ་ཞུ་བ་དང་བྱ་བ་ཡག་པོ་སྒྲུབ་དགོས་པ་དང་། གཉིས་ནས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས“ལྗང་མདོག་བགྲོད་ལམ”དངོས་སུ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཏེ་སྤུས་འབོར་གཉིས་ལྡན་གྱིས་ནས་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས་པ། གསུམ་ནས་ཤེས་ལྡན་པའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་ཐོན་ལས་སློབ་གསོ་དང་གསོ་སྦྱོང་ལས་དོན་ཡག་པོ་སྤེལ་ཏེ་ད་ཆའི་ཞིང་འབྲོག་པ་དེ་དག་འབྱུང་འགྱུར་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་གཙོ་ཤུགས་དམག་ཏུ་འགྱུར་བ་བྱེད་དགོས་པ། བཞི་ནས་མཉམ་ལས་སྤེལ་རེས་གཏིང་ཟབ་དང་ད་བརྒལ་འཆར་འགོད་བྱས་ཏེ་བོད་ཀྱི་ལེགས་ལྡན་ཐོན་ཁུངས་དེ་ཀོང་ཏུང་གི་ཐོན་ལས་འཕེལ་རྒྱས་ལེགས་ཆ་དང་ཟུང་འབྲེལ་དམ་ཟབ་བྱས་ཐོག་ལེགས་ཆ་གསབ་རེས་དང་གཉིས་ཁེའི་འཕེལ་རྒྱས་ཡོང་བ་བྱས་ནས་ཉིང་ཁྲིའི་སྣོད་བཅུད་ཡུལ་སྐོར་གྱི་ས་ཁུལ་ཆེན་པོ་འཛུགས་སྐྲུན་བྱ་རྒྱུ་དེ་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་བསྟན་གནང་བ་རེད།

ཕྱི་དྲོ་ཀྲུའུ་ཞའོ་ཏན་དང་བློ་བཟང་རྒྱལ་མཚན་ད་དུང་ཉིང་ཁྲི་རྫོང་དཀའ་ལམ་གྲོང་ཚོ་དང་། ཐང་སྟེང་གྲོང་ཚོ། གོང་གྲོང་གྲོང་ཚོ་བཅས་སུ་ཕེབས་ནས་མང་ཚོགས་ལ་འཚམས་འདྲི་གནང་བ་དང་ས་གནས་ས་ཐོག་ཏུ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་དང་གྲོང་གསེབ་ཀྱི་ཡུལ་སྐོར་གསར་སྤེལ་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག