མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆགས་སྟངས་གསར་པ་གཏོད་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-27 10:22

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གཞིས་རྩེ་གྲོང་ཁྱེར་ཉ་མོ་ཤང་ཧོར་ཐག་གྲོང་ཚོར་གཞིས་རྩེས་གཙོ་གནད་ཐོག་བཏོད་པའི་ཧོར་ཐག་གྲོང་ཚོའི“གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་ས་ཚིགས”དང་ཡུལ་སྐོར་ཞབས་ཞུ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དེ་བྲེལ་བརྩོན་ཆེན་པོའི་ངང་སྤེལ་བཞིན་ཡོད་པ་གསར་འགོད་པས་མཐོང་བྱུང་། ཧོར་ཐག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་གྱིས“ང་ཚོའི་གྲོང་ཚོའི་ས་ཁོངས་ནང་བཙན་པོའི་སྐབས་ཀྱི་ལོ་ངོ་སྟོང་གི་སྟར་ཀའི་སྡོང་པོ་དང་། ཡར་ཀླུང་གཙང་པོའི་ཁྲུང་ཁྲུང་མཇིང་ནག་རང་བྱུང་སྲུང་སྐྱོང་ཁུལ། དགོན་སྡེ་སོགས་མཛེས་ལྗོངས་ཀྱི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད་རྒྱལ་ལམ318དང་འབྲེལ་བས་འགྲིམ་འགྲུལ་སྟབས་བདེ་པོ་ཡོད། ཚོང་འདུས་གྲོང་སྡེ་འཛུགས་སྐྲུན་དང་བསྟུན་ནས་གྲོང་ཁྱེར་སྲིད་གཞུང་གིས་ལོ3ནང་ང་ཚོའི་གྲོང་ཚོ་དེ318ལམ་རྒྱུད་ཀྱི་ཡུལ་སྐོར་ཁྱད་ལྡན་ཁུལ་དུ་གཏོད་ཐུབ་པའི་བརྩོན་ལེན་བྱ་རྒྱུའི་གཏན་འཁེལ་བྱས་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་གྱིས་ཚོང་འདུས་གྲོང་སྡེ་འཛུགས་སྐྲུན་བྱེད་པའི་ཐད་ཐོན་ལས་ཅན་གྱི་གྲུབ་ཆ་ཟམ་མི་ཆད་པར་ལེགས་སྒྲིག་བྱེད་པ་དང་ཤང་གྲོང་ཁག་ཏུ་ཡོད་པའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་རྒྱུན་བསྲིང་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་ཐོག་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་གོང་མཐོར་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས“གྲོང་ཁྱེར་གཅིག་དང་། ལམ་ཐིག་གཉིས། གྲོང་རྡལ་ལྔ། གནས་མང་བ”བཅས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆགས་སྟངས་གསར་པ་གཏོད་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡོད་པ་རེད།

ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་གྲོང་གསེབ་གསར་པའི་ཕྱོགས་བསྡུས་ཁུལ་འཛུགས་སྐྲུན་བྱ་རྒྱུ་དེ་ནི་གཞིས་རྩེ་གྲོང་ཁྱེར་གྱིས“ལམ་ཐིག་གཉིས”ཀྱི་འཆར་འགོད་ལག་ལེན་བསྟར་བའི་བྱེད་སྟངས་ཞིབ་ཕྲ་ཡིན་ཞིང་། “ལམ་ཐིག་གཉིས”ནི་རྒྱལ་ལམ318དང་ཞིང་ཆེན་ལམ204ཡི་འགྲིམ་འགྲུལ་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས་ལམ་རྒྱུད་ཀྱི་ཤང་གནས་ཡུལ་དུ“གཙང་བཟོ་དང་། སྔོ་འགྱུར། མཁྲེགས་འགྱུར། མཛེས་བཟོ། ཚད་ལྡན་ཅན”བཅས་ཀྱི་ལས་དོན་སྤེལ་ཏེ་ཤང་གྲོང་གི་གཟུགས་བརྙན་ལེགས་སུ་གཏོང་བ་དང་དུས་མཚུངས་ཡུལ་དེ་གའི་ཐོན་ཁུངས་ལ་བརྟེན་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་རེད།

ཚོང་འདུས་གྲོང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བར་ཐོན་ལས་ཅན་གྱི་གྲུབ་ཆ་ཟམ་མི་ཆད་པར་ལེགས་འགྱུར་དང་ལེགས་སྒྲིག་ཐུབ་ཡོད། གཞིས་རྩེ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཚོང་འདུས་གྲོང་ཚོ་འཛུགས་སྐྲུན་བྱས་པ་དེས་ཞིང་ལས་ཐོན་སྐྱེད་པ་འབོར་ཆེན་ཞིག་ཐོན་ལས་གསུམ་པའི་ཞབས་ཞུའི་ལས་རིགས་སུ་གཞན་སྒྱུར་བྱས་ཡོད། རྒྱ་མཚོ་གཞུང་ཤང་བདེ་ལེགས་གྲོང་ཚོ་ནི་མིང་གྲགས་གང་སར་ཁྱབ་པའི“སྒོར་ཁྲི་ཡི་གྲོང་ཚོ”ཡིན་པ་དང་གྲོང་མི་བཀྲ་དབང་ནི་དུས་རབས་གོང་མའི་ལོ་རབས90ནས་བཟུང་སྐྱེལ་འདྲེན་གྱི་ལས་ལ་ཞུགས་པ་དང་ཚོང་འདུས་གྲོང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་སྦྲགས་ཁོང་ཁྱིམ་ལ་ད་ཆ་འགྲུལ་སྐྱེལ་རླངས་འཁོར་གཉིས་ཡོད་པར་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི1ལས་བརྒལ་ཡོད། ཁོང་གིས“འཚོ་བའི་ཆ་རྐྱེན་ལེགས་སུ་སོང་བ་དང་སྦྲགས་གྲོང་ཚོ་དེ་དེ་བས་ཚོང་འདུས་གྲོང་སྡེ་ཞིག་དང་འདྲ་བ་དང་ཚང་མས་ཐོན་ལས་གསུམ་པར་ཧུར་ཐག་ཞུགས་ཀྱི་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

ཚོང་འདུས་གྲོང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་སྦྲགས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་ཚང་དུ་སོང་བ་དང་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐེག་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་ནས་མང་ཚོགས་ཁག་གཅིག་གི་དེ་སྔའི་སྡོད་གནས་ཤོར་ཡོད། འཛུགས་སྐྲུན་བརྒྱུད་རིམ་ཁྲོད་གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་རྡལ་གསར་པའི་འཛུགས་སྐྲུན་འཆར་འགོད་དང་ཟུང་འབྲེལ་བྱས་ཏེ“གནས་སྤོ་ཐུབ་པ་དང་། སྡོད་ཐུབ་པ། ཁང་པའི་དངུལ་སྤྲོད་ཐུབ་པ”བཅས་ཀྱི་རྩ་དོན་ལ་གཞིགས་ནས་ས་ཆ་ཤོར་བའི་མང་ཚོགས་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཕེལ་རིམ་ཟུང་འབྲེལ་ཡག་པོ་ཐུབ་ཡོད།

རྒྱ་མཚོ་གཞུང་ཤང་སེ་མ་དང་དགྲ་འདུལ་གྲོང་ཚོ་གཉིས་སུ་མེ་འཁོར་བབས་ཚུགས་འཛུགས་སྐྲུན་བྱེད་པའི་རྐྱེན་གྱིས་བཤིག་སྤོ་བྱས་པའི་མང་ཚོགས་དུད་ཚང154ཡི་ཁྲོད་ཁག་གཅིག་ན་ནིང་སྡོད་ཁང་གསར་པའི་ནང་སྤོས་ཟིན་པ་གསར་འགོད་པས་མཐོང་བྱུང་། མང་ཚོགས་བསྟན་འཛིན་དོན་གྲུབ་ཀྱིས“གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་རོགས་རམ་འོག་ང་ཚོའི་གྲོང་ཚོའི་སྒྲིག་བཀོད་ཁག་ཚང་མ་ཆ་ཚང་པོ་ཡོད། ངས་མེ་འཁོར་བབས་ཚུགས་ཀྱི་ཉེ་འགྲམ་དུ་ཚོང་ཁང་དང་ཟ་ཁང་ཞིག་གཉེར་བའམ་ཡང་ན་མེ་འཁོར་བབས་ཚུགས་དང་གྲོང་ཁྱེར་བར་བོགས་གཏོར་རླངས་འཁོར་བཏང་ནས་འཚོ་བ་ལེགས་སུ་གཏོང་རྩིས་ཡོད། སྲིད་གཞུང་གིས་ཀྱང་ང་ཚོར་བསྐྱར་དུ་ལས་ཞུགས་བྱ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད”ཅེས་བཤད་བྱུང་།

གཞིས་རྩེ་ས་ཨུད་ཀྱི་ཨུ་ཡོན། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཝང་པོ་ཡིས“འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ལོ་གསུམ་རྗེས་གྲོང་ཁྱེར་དང་གྲོང་རྡལ་ཅན་སླར་ཡང་བརྒྱ་ཆའི་གྲངས6ནས7བར་འཕར་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན། དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་རྒྱལ་ལམ318དང་གཞིས་རྩེ་ནས་གྲོ་མོའི་བར་གྱི་གཞུང་ལམ་ལམ་རྒྱུད་ཀྱི་ཤང་གྲོང་གི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཆེས་ཆེར་བཏང་སྟེ་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཆེས་ཆེར་གཏོང་རྒྱུ་ཡིན”ཞེས་གསར་འགོད་པར་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག