མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ནམ་ཡང་གནས། “དམངས་ལ་ཞབས་འདེགས་ཞུ་རྒྱུ”དོར་མི་རུང་།

བོད་ཀྱི་ཏང་ཡོན་ལས་བྱེད་པས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་གཏོང་བའི་སྐོར་ལྷུག་པོར་གླེང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-03-24 16:13

    ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་ལན་ཁའོ་རྫོང་དུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་བརྟག་ཞིབ་དང་མཛུབ་ཁྲིད་གནང་སྐབས་ཏང་ཡོངས་ཀྱིས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་གནང་ཞིང་།སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལས་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་གསར་པ་ཞིག་སྔར་བས་འཕྱུར་ཏེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པས་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།

    མི་རིགས་ཁག་གི་ཏང་ཡོན་ལས་བྱེད་པས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ནི་ནམ་ཡང་མི་དམངས་དུང་ཕྱུར་མང་པོའི་སེམས་དབུས་སུ་གནས་པའི་བྱས་རྗེས་རྡོ་རིང་དང་།ནམ་ཡང་རང་རེའི་ཏང་གི་དཀའ་སྤྱད་འབད་འཐབ་དང་དམངས་ཆེད་སྲིད་སྐྱོང་ལ་སྐུལ་མ་གཏོང་བའི་བསམ་པའི་སྒུལ་ཤུགས་ཆེན་པོ།ནམ་ཡང་དམ་པ་དོན་གཉེར་དང་གསར་འབྱེད་ཡར་བརྩོན་ལ་སྐུལ་མ་གཏོང་བའི་རྩ་ཆེའི་བསམ་པའི་རྒྱུ་ནོར་བཅས་ཡིན་པས་ནམ་ཡང་གནས་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    “ཅའོ་ཡུས་ལུའུ་ནི‘རྫོང་ཨུད་ཀྱི་ཧྲུའུ་ཅིའི་དཔེ་བཟང’དང་‘མི་དམངས་ཀྱི་སྤྱི་ཞབས་པ་བཟང་པོ’རེད།ཁོང་ང་ཚོ་དང་ཁ་བྲལ་ནས་ལོ་50སོང་ཡང་ཁོང་གི་མཚན་ནི་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་ཁོང་ནམ་ཡང་ང་ཚོའི་སེམས་དབུས་སུ་གནས་པའི་བྱས་རྗེས་རྡོ་རིང་དང་ནམ་ཡང་དཀའ་སྤྱད་འབད་འཐབ་དང་དམངས་ཆེད་སྲིད་སྐྱོང་ལ་སྐུལ་མ་གཏོང་བའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་རེད”ཅེས་པ་དེ་ནི་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དྲིལ་བསྒྲགས་སློབ་གསོ་ཁྲུའི་བརྟག་ཞིབ་པ་ལི་ཡན་གྱིས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་སྐབས་བཤད་པ་ཞིག་རེད།

    ཞུས་ཧྭ་ནི་རང་སྐྱོང་ལྗོངས་ཏང་ཨུད་གཞུང་ལས་ཐིང་གི་ལས་བྱེད་པ་ཞིག་ཡིན་ལ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཞིག་ཀྱང་ཡིན་ཞིང་།ལས་ཁུངས་ཀྱི་སྒོ་ར་ཆེན་པོ་ནས་ཐོན་ཏེ་ཡངས་ཤིང་རྒྱ་ཆེ་བའི་ཞིང་འབྲོག་ཁུལ་དུ་ནུས་པ་འདོན་གྱི་ཡོད།ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ལས་ཁོང་ལ་མྱོང་ཚོར་དང་ངོས་འཛིན་དེ་བས་ཟབ་པ་བྱུང་ཡོད།ཁོང་གིས“དེང་སྐབས་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་དོན་དངོས་ལས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ནམ་ཡང་སློབ་སྦྱོང་བྱེད་དགོས་པའི་གལ་ཆེའི་རང་བཞིན་ཚོར་བྱུང་།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ནི་ནམ་ཡང་གནས་པ་ཞིག་རེད།གང་ལགས་ཤེ་ན།དེ་ནི་དུས་རབས་ཤིག་དང་ས་ཁུལ་ཞིག་གི་བསམ་པའི་ཤུལ་བཞག་དང་རིན་ཐང་གི་ཤུལ་བཞག་ཙམ་མ་ཟད།ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་བསམ་པའི་རྒྱུ་ནོར་དང་དཀའ་ངལ་ཁྱད་བསད་བྱེད་པའི་མཆོག་ནོར་དེ་བས་རེད་ཅེས་ནན་བཤད་གནང་ཡོད”ཅེས་བཤད་པ་དང་།ཞུས་ཧྭ་ཡིས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ་དང་ཅའོ་ཡུས་ལུའུ་ལྟར་མང་ཚོགས་གཉེན་ཉེར་བརྩིས་ཏེ་མང་ཚོགས་ཀྱི་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱི་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་དགོས།གཞི་རིམ་ཞིང་འབྲོག་ཁུལ་དེ་ཁྱིམ་ཚང་ལྟ་བུར་བརྩིས་ནས་གནད་དོན་འཚོལ་བ་དང་བྱ་ཐབས་ངོ་མ་སྤྱད་ནས་ཞིང་འབྲོག་མང་ཚོགས་ལ་ཕན་འབྲས་ངོ་མ་ཐོན་ཐུབ་པ་བྱེད་པའི་ཐོག་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བཤད།

    ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་སྤེལ་འགོ་ཚུགས་སྐབས་གཞིས་རྩེ་ས་ཁུལ་གྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གློག་བརྙན《ཅའོ་ཡུས་ལུའུ》ཞེས་པ་བལྟས་པ་རེད།གློག་བརྙན་དེའི་ནང་ཅའོ་ཡུས་ལུའུ་ཡི་ཚེ་གང་ཇི་མ་ཇི་བཞིན་ལྟད་མོ་བའི་མདུན་དུ་མངོན་པས་ཏང་ཡོན་ལས་བྱེད་པར་སེམས་འགུལ་ཚད་མེད་ཐེབས་ཡོད།ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་འབོད་སྐུལ་གནང་བས་གཞིས་རྩེར་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་གཏོང་བའི་ཚ་རླབས་ཤིག་སླར་ཡང་འཕྱུར་བ་རེད།

    གཞིས་རྩེ་ས་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཀྲང་ཅིང་པོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སླར་ཡང་ལན་ཁའོ་རུ་ཕེབས་ཏེ་ཅའོ་ཡུས་ལུའུ་སྙིང་སྟོབས་ཀྱི་དུས་རབས་རིན་ཐང་སླར་ཡང་བསྐྱར་བཤད་གནང་བ་དེ་ཐོག་ནས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ནམ་ཡང་གནས་རྒྱུ་རེད་ཅེས་དང་ཁོང་གིས་དེང་སྐབས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་སློབ་སྦྱོང་དར་སྤེལ་གཏོང་བར་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་ཁྱབ་པར་བྱས་ནས་ཁོང་གི་སྤྱི་ཞབས་པའི་བརྩེ་སེམས་དང་།དངོས་སྒྲུབ་ཀྱི་སྤྱོད་ཚུལ།འབད་འཐབ་ཀྱི་སྙིང་སྟོབས་བཅས་ལ་ནན་ཏན་གྱིས་སློབ་སྦྱོང་བྱེད་པ་དང་ཁོང་ནི་མེ་ལོང་བལྟ་བ་དང་།ཞྭ་གོས་སྲོང་བའི་སློབ་གཞིར་བརྩིས་ནས་ཇུས་དམངས་ལ་འདྲི་བ་དང་།ཕན་འབྲས་དངོས་ཐོན་རྒྱུར་མཐོང་ཆེན་བྱེད་པ།གནད་དོན་མངོན་གསལ་དོད་པོ་འཚོལ་བ་བཅས་ལ་བརྟེན་ནས་མང་ཚོགས་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བ་དང་།ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ།ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་ཀྱིས་ང་ཚོས་འབད་འབུངས་ཧུར་ཐག་བྱ་རྒྱུར་སྐུལ་མ་ཐེབས་ཏེ་གཞིས་རྩེས་འཕེལ་རྒྱས་བརྟན་ལྷིང་གི་སྔོན་སྐྱོད་ཁུལ་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།

    རྫ་ཡུལ་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཐང་ཁེ་པིན་གྱིས་བློ་མཐུན་ཅའོ་ཡུས་ལུའུ་ལ་སློབ་སྦྱོང་བྱས་ནས་མི་དམངས་ཀྱི་སྤྱི་ཞབས་པ་དང་ལས་བྱེད་པའི་དཔེ་བཟང་བྱེད་པ་དང་།ཏང་གཤིས་བློ་སྦྱོང་ཆེ་རུ་གཏོང་བ།སྤྱོད་ཚུལ་བཟང་པོ་གཏོད་པ།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་ནི་དུས་སྐབས་གསར་པའི་ཏང་ཡོན་ལས་བྱེད་པས་སྦྱོང་དགོས་པའི་སློབ་ཚན་ཞིག་རེད་ཅེས་དང་ཁོང་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་དེ་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་དོར་མི་རུང་།མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ངེས་པར་དུ་ཨང་དང་པོར་བཞག་ནས་མང་ཚོགས་ལངས་ཕྱོགས་དོན་ཐོག་ཏུ་འཁྱོལ་བ་དང་།ལྷག་བསམ་ཟོལ་མེད་ངང་དམངས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་བ།ལྷག་བསམ་རྣམ་དག་གི་སྒོ་ནས་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་བྱ་བ་སྒྲུབ་པ་བཅས་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་བུའི་ཐོག་ལག་ལེན་དང་།མི་དམངས།ལོ་རྒྱུས་བཅས་ཀྱི་ཚོད་བགམ་ཐེག་ཐུབ་པའི་གྲུབ་འབྲས་ངོ་མ་གཏོད་དགོས་ཞེས་བཤད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག