མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་དཀའ་ཁག་བཟོ་བའི་འགྲིམ་འགྲུལ“འཇུར་ མིག ”རིམ་བཞིན་སེལ་བ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-03-20 11:19

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་འགའི་ནང་བོད་ལྗོངས་ནག་ཆུ་ས་ཁུལ་སྙན་རོང་རྫོང་བེ་གཞུང་ཤང་གི་གཞོན་པ་ཉི་མས་སྔ་རྗེས་སུ་རླངས་འཁོར་གཉིས་ཉོས་ནས་འགྲུལ་སྐྱེལ་ལས་ཀ་གཉེར་བས་ཡོང་འབབ་མི་ཉུང་བ་བྱུང་ཡོད།

    དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་བའི་བོད་རིགས་མང་ཚོགས་ཚོས་རྟ་སྒ་ལས་བབས་ཏེ་རླངས་འཁོར་གཏོང་གི་ཡོད། དེ་ནི་བོད་ཀྱི་འགྲིམ་འགྲུལ་འཐུས་སྒོ་ཇེ་ཚང་དུ་ཕྱིན་ནས་ལམ་ཁ་སྔར་བས་ལེགས་སུ་ཕྱིན་པ་ལས་ཕན་པ་ཐོབ་པ་ཞིག་ཡིན། དུས་ཡུན་རིང་པོའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་དཀའ་ཁག་བཟོ་བའི་འགྲིམ་འགྲུལ“འཇུར་མིག”དེ་ཉིན་རེ་ལས་མ་འདས་པར་སེལ་བཞིན་ཡོད།

    བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དེ་བོད་ཀྱི་མང་ཚོགས་ཚོའི་རེ་འདུན་དུ་གྱུར་ཡོད། ཉེ་བའི་ལོ་ཤས་ནང་རྒྱལ་ཁབ་ཀྱི་མ་དངུལ་གཏོང་ཚད་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་བསྟུན་ནས་བོད་ཀྱི་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་མི་དམན་པ་ཕྱིན་ཡོད། གྲངས་གཞི་ལས་གསལ་བར། བོད་དུ་མིག་སྔར་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་7ལས་བརྒལ་བ་དང་རིམ་ལྡན་ཡན་གྱི་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི་3.8ཟིན་ཡོད་པ་རེད།

    དེང་སྐབས་གངས་ལྗོངས་ས་མཐོའི་འགྲིམ་འགྲུལ་འཛུགས་སྐྲུན་སྔར་བཞིན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་ཅིང་། མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་ཡིན་པའི་ལྷ་གཞིས་ལྕགས་ལམ་གྱི་ལམ་ཐིག་ཚང་མར་ལྕགས་ལམ་བཏིང་ཚར་ནས་ཤར་གཏོང་ཐུབ་ཡོད་པ་དང་སྔོན་དཔག་ལྟར་ན་འདི་ལོའི་ཟླ་9པར་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

    གསར་འགོད་པས་ཤེས་རྟོགས་བྱུང་བར། ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་པ་མཐོ་བའི་གཞུང་ལམ་ཡང་ཛ་དྲག་ངང་བསྐྲུན་བཞིན་ཡོད་པ་དང་དེས་བོད་ཀྱི་ཤར་ལྷོའི་ས་ཁུལ་གྱི་འགྲིམ་འགྲུལ་གནས་བབ་ལེགས་སུ་ནུས་ལྡན་གཏོང་རྒྱུ་རེད། མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་གཞན་ཞིག་ཡིན་པའི་ལྷ་ཉིང་ལྕགས་ལམ་དེ་ཉིད་འདི་ལོ་ལས་འགོ་འཛུགས་ནས་བསྐྲུན་རེ་ཡོད། གཞན་ཡང་། བོད་ཀྱིས་ད་དུང་2020ལོར་སླེབས་སྐབས་རིམ་རྩིས་བྱས་ན་གཞུང་ལམ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་2000གཏོང་རྒྱུ་ལེགས་འགྲུབ་བྱས་ནས་ལྗོངས་ཡོངས་ཀྱི་གཞུང་ལམ་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་11ལས་བརྒལ་བ་དང་གྲོང་གསེབ་ཀྱི་གཞུང་ལམ་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་7ལས་བརྒལ་བ་བྱ་རྒྱུའི་འཆར་གཞི་ཡོད།

    འགྲིམ་འགྲུལ་ཆ་རྐྱེན་ཉིན་རེ་བཞིན་ལེགས་སུ་ཕྱིན་པ་ལས་བོད་ཀྱི་དཔལ་འབྱོར་བསྟུད་མར་སྐས་རིམ་གསར་པའི་ཐོག་བསྐྱོད་ཐུབ་པ་བྱུང་ཞིང་། མཚོ་བོད་ས་མཐོའི་འཕར་རྩ་ཆེན་པོ་མཚོ་བོད་ལྕགས་ལམ་དཔེར་བཟུང་ནས་བརྗོད་ན་མཁའ་ལམ་དེས་བོད་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་ལམ་བུའི་ཐོག་དེད་བཞིན་ཡོད། ལྕགས་ལམ་ཤར་གཏོང་ཐུབ་པའི་2006ལོ་ནས་2013ལོ་བར་བོད་རང་སྐྱོང་ལྗོངས་ཀྱི་GDPསྒོར་དུང་ཕྱུར་342ནས་སྒོར་དུང་ཕྱུར་807བར་འཕར་བ་དང་ལོ་རེའི་ཆ་སྙོམས་འཕར་ཚད་བརྒྱ་ཆ་10ལས་བརྒལ་ཡོད།

    གྲོང་གསེབ་ཀྱི་གཞུང་ལམ་འཕེལ་རྒྱས་ཆེན་པོ་ཕྱིན་པས་ཐག་རིང་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཚོར་ཕྱུག་འགྱུར་གྱི་གསེར་ཟམ་བཙུགས་ཡོད་ཅིང་། ཡུན་ནན་དང་འབྲེལ་ཡོད་པའི་བོད་ཀྱི་སྨར་ཁམས་རྫོང་འཇང་མི་རིགས་ཤང་དུ་ལོ་འགའི་གོང་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་སྐབས་སུ་ཞིང་ཞོར་ཐོན་རྫས་ཕྱི་ཕྱོགས་སུ་དབོར་འདྲེན་བྱེད་ཐུབ་ཀྱི་མེད། གྲོང་གསེབ་གཞུང་ལམ་ཁྱབ་གདལ་ཐུབ་རྗེས་གྲོང་ཚོའི་ནང་ཁྱད་ལྡན་ཐོན་ལས་གསར་སྤེལ་བྱེད་འགོ་ཚུགས་པ་དང་ཐོན་རྫས་མང་པོ་ཞིག་བདེ་ཆེན་དང་ལིའི་ཅང་སོགས་ས་ཆར་བྲིན་ཚོང་བྱེད་ཐུབ་ཡོད།

    ད་ཆ་ཡར་ཀླུང་གཙང་པོའི་གཙང་འགྲམ་དུ་ཡིན་ནའང་འདྲ་ཡང་ན་རི་བོ་ཧི་མ་ལ་ཡའི་རི་གཤམ་དུ་ཡིན་ནའང་འདྲ་གང་སར་ཞིང་འབྲོག་པས་སྒེར་གྱི་རླངས་འཁོར་བཏང་ནས་གངས་ལྗོངས་ས་མཐོའི་རི་ཀླུང་ཀུན་ཏུ་རྒྱུག་འགྲོ་བ་མཐོང་ཐུབ། འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཆེན་པོ་ཕྱིན་པ་ལས་འཛམ་གླིང་ཡང་རྩེའི་ཐོག་གི་ཞིང་འབྲོག་པ་རྣམས་གཞུང་ལམ་གྱིས་བསྐྲུན་པའི་ཕྱུག་འགྱུར་ལམ་བུ་བརྒྱུད་མཛེས་སྡུག་ལྡན་པའི་མ་འོངས་ཕྱོགས་སུ་སྐྱོད་བཞིན་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག