མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་དུ་ཆོས་ལུགས་བྱེད་སྒོ་རྒྱུན་གཏན་དང་གོ་རིམ་ལྡན་པ་དང་ཆོས་དད་རང་མོས་འགན་ལེན་བྱུང་བ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-03-20 11:19

    ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ་ཐོག་གནས་ཚུལ་སྤེལ་བ་བཞིར་བཟུང་། ཟླ་3ཚེས་16ཉིན་ནི་བོད་ཀྱི་ལོ་གསར་གྱི་ཚེས་པ་བཅོ་ལྔ་ཡིན་པ་མ་ཟད་བོད་ཀྱི་ལྷ་སའི་གཙུག་ལག་ཁང་དང་། སེ་ར་དགོན། འབྲས་སྤུངས་དགོན་སོགས་ཀྱི་སྨོན་ལམ་ཆེ་མོའི་ཉིན་མོ་མཐའ་མ་དེའང་ཡིན་པར་བརྟེན་དད་ལྡན་མང་ཚོགས་ཁྲི་ལྷག་ཙམ་མཆོད་མཇལ་དུ་ཡོང་གི་ཡོད་པ་རེད།

    གཙུག་ལག་ཁང་གི་དགེ་འདུན་པ་པ་སངས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འབྲས་སྤུངས་དགོན་དང་སེ་ར་དགོན་དང་འདྲ་བར་གཙུག་ལག་ཁང་གིས་ལོ་ལྟར་བོད་ཀྱི་ལོ་གསར་ཚེས་བརྒྱད་ནས་ཚེས་བཅོ་ལྔའི་བར་སྨོན་ལམ་ཆེ་མོ་འཚོགས་ཀྱི་ཡོད། སྲོལ་རྒྱུན་དེ་བོད་བརྒྱུད་ནང་བསྟན་གྱི་རྗེ་ཙོང་ཁ་པས་སྤྱི་ལོ་1409ལོར་འཚོགས་གནང་བའི་སྨོན་ལམ་ཆེ་མོ་ནས་འགོ་ཚུགས་པ་རེད། ཁོང་གིས“ཉིན་ལྟར་དད་ལྡན་མང་ཚོགས་སྟོང་ཙམ་གཙུག་ལག་ཁང་དུ་ཕྱག་མཆོད་འབུལ་བྱེད་པར་ཡོང་གི་ཡོད་པ་དང་། དགེ་འདུན་པ་ཚོས་ཀྱང་ཉིན་ལྟར་སྨོན་ལམ་འཚོགས་ཀྱི་ཡོད། དགོན་སྡེའི་བྱེད་སྒོ་ཚང་མ་གོ་རིམ་ལྡན་པ་ཞིག་ཡོད”ཅེས་བཤད་པ་རེད།

    ཡུན་རིང་མི་རིགས་ཆོས་ལུགས་ཀྱི་ལས་ཀ་བྱེད་མཁན་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བློ་བཟང་བསྟན་པས་བོད་དུ་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། མོན་པ་རིགས། ལྷོ་པ་རིགས་སོགས་མི་རིགས་མང་པོ་འཚོ་གནས་བྱེད་ཀྱི་ཡོད། མི་རིགས་ཁག་གི་མང་ཚོགས་ལ་ཆོས་དད་རང་མོས་ཡོད་པ་མ་ཟད་ཆོས་ལུགས་ཀྱི་བྱེད་སྒོ་ཁག་རྒྱུན་གཏན་དང་གོ་རིམ་ལྡན་པའི་ངང་སྤེལ་གྱི་ཡོད་ཅེས་བཤད་པ་རེད། ཁོང་གིས་ལྷ་ས་འདི་ཉིད་ལོ་ཤས་བསྟུད་མར་ཀྲུང་གོའི་བདེ་སྐྱིད་མཚོན་གྲངས་མཐོ་ཤོས་ཀྱི་གྲོང་ཁྱེར་ལ་འདེམས་ཐོན་བྱུང་བ་དེ་ཐོག་ནས་བོད་དུ་ཆོས་ལུགས་ཞི་མཐུན་དང་། བསྟན་དོན་ལམ་ལྷོངས།མང་ཚོགས་བདེ་སྡོད་ལས་བརྩོན་བཅས་ཡོད་པ་གང་ལེགས་མཚོན་ཡོད་ཅེས་བཤད་པ་རེད།

    དགའ་ལྡན་དགོན་པའི་དགེ་འདུན་པ་བསྟན་འཛིན་གྱིས་གསར་འགོད་པར་དགའ་ལྡན་དགོན་གྱིས་ལོ་ལྟར་ཆོས་ལུགས་བྱེད་སྒོ་ཆེ་ཆུང་བརྒྱ་ཙམ་སྤེལ་ནས་བར་མཚམས་གཏན་ནས་འཇོག་མྱོང་མེད། ད་ཆ་དགའ་ལྡན་དགོན་གྱི་གྲྭ་ཚང་སོ་སོའི་འདུ་ཁང་དང་གྲྭ་ཤག་ཉམས་བཟོ་བྱས་ནས་དགེ་འདུན་པ་ཚོར་དཔེ་སྦྱོང་དང་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱས་ཡོད། མིག་སྔར་བོད་ཀྱི་གྲྭ་བཙུན་ཡོངས་སྤྱི་ཚོགས་འགན་བཅོལ་མ་ལག་ནང་བཅུག་པ་དེས་གྲྭ་བཙུན་ཚོའི་སེམས་ཁྲལ་སྒོ་ཀུན་ནས་བསལ་ཡོད་ཅེས་བཤད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་མང་ཚོགས་མང་ཆེ་བ་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་ཀྱི་ཡོད་པས་དད་ལྡན་མང་ཚོགས་ཀྱི་ཁྱིམ་དུ་སྤྱིར་ན་མཆོད་ཁང་ངམ་ཡང་ན་མཆོད་གཤོམ་ཡོད་པ་རེད། གྲངས་གཞི་ལས་མངོན་པར་གཞིགས་ན། མིག་སྔར་བོད་དེ་ཡོངས་ལ་དགོན་སྡེ་ཆེ་ཆུང་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཁག་1700ལྷག་ཙམ་ཡོད་པར་གྲྭ་བཙུན་46000ལྷག་ཙམ་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག