ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས16ཉིན་ནི་བོད་ལུགས་ཀྱི་ཟླ་དང་པོའི་ཚེས15ཡིན་ལ། ཉིན་དེར་བོད་ལྗོངས་ལྷ་སའི་ལྷ་ལྡན་གཙུག་ལག་ཁང་དང་སེ་ར་དགོན་པ། འབྲས་སྤངས་དགོན་པ་བཅས་ནས་སྨོན་ལམ་ཆེན་མོ་སྤེལ་བའི་ཆེས་མཇུག་མཐའི་ཉིན་མོ་ཡིན་ལ། གྲངས་ཀྱི་མི་ཟིན་པའི་དད་ལྡན་མང་ཚོགས་མཆོད་མཇལ་བྱེད་དུ་འགྲོ་བཞིན་ཡོད་པ་རེད།
ལྷ་ལྡན་གཙུག་ལག་ཁང་གི་གྲྭ་བཙུན་པ་སངས་ཀྱིས་མཚམས་སྦྱོར་བཤད་རྒྱུར། འབྲས་སྤངས་དང་སེ་ར་དགོན་པའི་ལུགས་སྲོལ་ལྟར། ལྷ་ལྡན་གཙུག་ལག་ཁང་གིས་ལོ་རེའི་བོད་ལུགས་ཀྱི་ཟླ་དང་པོའི་ཚེས8ཉིན་ནས་ཚེས15བར་སྨོན་ལམ་ཆེན་མོ་བསྡུ་བཞིན་ཡོད་པ་དང་། སྲོལ་རྒྱུན་འདི་ནི་རྗེ་ཙོང་ཁ་བས་སྤྱི་ལོ1409ལོར་གསར་གཏོད་མཛད་པའི་སྨོན་ལམ་ཆེན་མོ་ཡིན། ཁོས་ཉིན་རེར་དད་ལྡན་མང་ཚོགས་གྲངས་ཀྱི་མི་ཟིན་པ་ཞིག་སྣེ་ལེན་བྱེད་ཀྱིན་ཡོད་ལ། གྲྭ་བཙུན་དག་གིས་ཀྱང་ཉིན་རེར་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། དགོན་པའི་ལས་དོན་མཐའ་དག་བདེ་བླག་ངང་སྤེལ་བཞིན་ཡོད་ཟེར།
དགའ་ལྡན་དགོན་པའི་གྲྭ་བཙུན་བསྟན་འཛིན་གྱིས་གསར་འགོད་པར་དགའ་ལྡན་དགོན་པ་རུ་ལོ་རེར་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་ཐེངས་བརྒྱ་ལྷག་སྤེལ་བཞིན་ཡོད་པ་དང་རྒྱུན་ཆད་མ་མྱོང་། ད་ལྟ་དགའ་ལྡན་དགོན་པའི་འདུ་ཁང་སོ་སོ་དང་གྲྭ་བཙུན་དག་གི་གྲྭ་ཤག་གསར་སྐྲུན་བྱས་ཡོད་ལ། གྲྭ་བཙུན་དག་ལ་སློབ་སྦྱོང་བྱེད་པ་དང་འཚོ་བ་རོལ་བའི་ཁོར་ཡུག་ལེགས་པོ་སྐྲུན་ཡོད་ཞེས་བརྗོད། མིག་སྔར། བོད་ལྗོངས་ཀྱི་གྲྭ་བཙུན་ཚང་མ་སྤྱི་ཚོགས་འགན་སྲུང་མ་ལག་ནང་བཞག་ཡོད་པ་དང་། ཁྱོན་ཡོངས་ནས་གྲྭ་བཙུན་ཡོངས་ཀྱི་དཀའ་ཁག་སེལ་རོགས་བྱས།
རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ནས་མང་ཚོགས་མང་ཆེ་ཤས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་དད་པ་བྱེད་བཞིན་ཡོད་ལ། དད་ལྡན་མང་ཚོགས་ཀྱི་ཁྱིམ་དུ་མཆོད་ཁང་བཞེངས་ཡོད། ཡིག་ཆ་ལས་མངོན་པ་ལྟར་ན། མིག་སྔར། བོད་ལྗོངས་ཡོངས་ནས་དགོན་སྡེ་ཆེ་ཆུང་དང་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་ར1700ལྷག་དང་གྲྭ་བཙུན46000ལྷག་བཅས་ཡོད། །