མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་རང་བྱུང་སྲུང་སྐྱོབ་ཁུལ་མང་པོས་ཉམས་ཉེན་ཆེ་བའི་སྲོག་ཆགས་ཁ་གྲངས་ཇེ་མང་དུ་འགྲོ་བར་སྲུང་སྐྱོབ་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-03-10 11:18

ཀྲུང་གོའི་བོད་ཀྱི་དྲ་བིའ་འཕྲིན། དཔྱིད་འགོའི་བོད་བྱང་ཐང་གི་རྩི་ཤིང་ལ་ད་དུང་ལྗང་མདོག་གི་ལོ་འདབ་རྒྱས་མེད་ན་ཡང་། སྔོ་ཞིང་དྭངས་པའི་མཁའ་དབྱིངས་སུ་སྤྲིན་དཀར་ལང་ལོང་རྒྱུ་བཞིན་གདའ། གལ་ཏེ་གོ་སྐབས་བཟང་ཚེ། གཡུ་ཞུན་ལྟར་བཀྲ་བའི་མཚེའུ་འགྲམ་ནས་ད་དུང་གཙོད་དང་འབྲོང་ཁྱུ་དང་ཁྱུ་བྱས་ནས་རྒྱུ་བ་ཡང་མཐོང་ཐུབ། དེ་ནི་འཛམ་གླིང་ཐོག་ཆ་སྙོམས་ཀྱི་ས་བབ་ཆེས་མཐོ་བའི་རང་བྱུང་སྲུང་སྐྱོབ་ཁུལ་སྟེ། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རྣམ་པ་ཞིག་ཡིན།

བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་བོད་ལྗོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་མང་པོའི་ནང་གི་གཅིག་ཡིན། དེང་སྐབས་བོད་ལྗོངས་སུ་རིགས་འདྲ་མིན་གྱི་རང་བྱུང་སྲུང་སྐྱོབ་ཁུལ47ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི41.37ཡོད་པ་དེ་རྒྱལ་ཡོངས་ཀྱི་རྒྱལ་དབང་ས་ཞིང་གི་རྒྱ་ཁྱོན་གྱི33.9%ཟིན།

བོད་ལྗོངས་ནི་འཛམ་གླིང་ཡང་རྩེར་ཆགས་པས་སྐྱེ་ཁམས་ཧ་ཅང་ཉམས་ཞན་ཡིན། བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གིས་བཤད་རྒྱུར། རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱས་པ་དེས་ཉམས་ཉེན་ཆེ་བའི་སྐྱེ་དངོས་རྩ་ཆེན་རིགས་རྒྱུད་འཕེལ་བྱེད་ཡུལ་དང་། འཚོ་སྡོད་བྱེད་ཡུལ་ལ་སྲུང་སྐྱོབ་ལེགས་པོ་ཐོབ་པས། སྲོག་ཆགས་དཀོན་པོའི་རིགས་ཀྱི་ཁ་གྲངས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད།

རང་སྐྱོང་ལྗོངས་ནགས་ལས་ཐིང་གི་རི་ཐང་སྲུང་སྐྱོབ་ཁང་གི་འགན་འཁུར་བ་ཀྲང་ཧུ་ཁྲེང་གིས་བཤད་རྒྱུར། མིག་སྔར་བོད་ལྗོངས་སུ་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་གཙོ་བོ་རིགས125བསྐྲུན་ཟིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་སྲུང་སྐྱོབ་ཅུང་ལེགས་པོ་ཐོབ་པས། སྐྱེ་དངོས་ཐོན་ཁུངས་རྒྱུན་མཐུད་བཀོལ་སྤྱོད་དང་རང་བྱུང་སྐྱེ་ཁམས་མ་ལག་འཁོར་རྒྱུག་ལེགས་པོ་བྱེད་པར་ཁག་ཐེག་བྱས།

བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དཔེ་བྱས་ཏེ། སྲུང་སྐྱོབ་ཁུལ་ནང་གི་གཙོད་ཀྱི་ཁ་གྲངས་དེ་སྲུང་སྐྱོབ་ཁུལ་ཐོག་མར་བཙུགས་པའི་དུས་ཀྱི་ཁྲི8ཡས་མས་ནས་ད་ལྟའི་ཁྲི15ཡས་མས་སུ་ཇེ་མང་དུ་ཕྱིན་པ་དང་། འབྲོང་གི་ཁ་གྲངས་དེ་ཁྲི2ཡས་མས་ནས་ཁྲི4ཡས་མས་ཇེ་མང་དུ་ཕྱིན། རྐྱང་གི་ཁ་གྲངས་ཁྲི5ཡས་མས་ནས་ཁྲི9ཡས་མས་སུ་ཇེ་མང་དུ་ཕྱིན་པས། རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱེད་ཡུལ་དང་འདམ་ར་སོགས་ཀྱི་གདོད་མའི་རང་བྱུང་གི་གནས་སྟངས་དེ་གཞི་རྩའི་ཐོག་རྒྱུན་འཇགས་སུ་གནས་ཡོད།

བོད་ཤར་ཁུལ་གྱི་སྨར་ཁམས་རང་བྱུང་སྲུང་སྐྱོབ་ཁུལ་ལ་མཚོན་ན་ཡང་ཡུན་ནན་སྤྲེའུ་སེར་ཆེན་འཚོ་སྡོད་བྱེད་པའི་དགའ་ཚལ་དུ་གྱུར་ཡོད། སྨར་ཁམས་རྫོང་ནགས་ལས་ཅུས་ཀྱི་ལས་བྱེད་པས་ངོ་སྤྲོད་ལྟར་ན། སྨར་ཁམས་ཡུན་ནན་སྤྲེའུ་སེར་ཆེན་ཀྱི་ཁ་གྲངས་དེ་ཡང་ལོ་རབས90བའི་འགོའི50ལྷག་ནས་མིག་སྔར་གྱི་ཁ་གྲངས700ལྷག་ལ་སླེབས་ཡོད་པ་རེད། སྲུང་སྐྱོབ་བྱེད་ཐབས་རབ་དང་རིམ་པ་འཐུས་ཚང་དུ་བཏང་བར་བསྟུན་ནས་སྨར་ཁམས་ཡུན་ནན་སྤྲེའུ་སེར་ཆེན་གྱི་ཁ་གྲངས་དེ་རིམ་གྱིས1000ཡན་ལ་སླེབས་ཐུབ་པའི་རེ་བ་ཡོད།

ད་ཆ་བོད་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་ལ་ས་གནས་རང་བཞིན་གྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་མ་ལག་ཅུང་ཆ་ཚང་ཞིག་ཆགས་ཡོད། འཛུགས་སྐྲུན་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནང་དུ། དཔལ་འབྱོར་གསར་སྤེལ་ལ་སོགས་པའི་མིས་བཟོས་བྱེད་སྤྱོད་བཀག་འགོག་ནན་མོ་བྱས་པ་དང་ཆབས་ཅིག ནགས་ལས་སྡེ་ཚན་གྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ལག་བསྟར་ཤུགས་ཚད་ཇེ་ཆེར་བཏང་བ་དང་། ཁྲིམས་འགལ་གྱིས་རི་དྭགས་རྔོན་པ་དང་། རྐུ་ཚོང་རྒྱག་པ། ཡར་མར་སྐྱེལ་འདྲེན་བྱེད་པ་བཅས་ཀྱི་བྱེད་སྤྱོད་གཏན་འགོག་ཐུབ་པ་བྱུང་།

བོད་རང་སྐྱོང་ལྗོངས་ལ་སྤྱི་ལེ་གྲུ་བཞི་མ་ཁྲི120ལྷག་ཡོད་ཅིང་། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི4000ཡན་ཡོད་པས། འཛམ་གླིང་སྟེང་གཞན་དྲང་མི་འཇོག་པའི་སྣོད་བཅུད་ཁོར་ཡུག་གི་མངའ་ཁོངས་སུ་གྲུབ་ནས་གཙང་བོའི་འབྱུང་ཁུངས་དང་སྐྱེ་ཁམས་འབྱུང་ཁུངས་ཞེས་སུ་འབོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག