མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་འཕེལ་རྒྱས་ཇེ་མགྱོགས་གཏོང་བ་དེ་ཚོགས་ཆེན་གཉིས་ཀྱི་གྲོས་གཞི་གལ་ཆེན་དུ་གྱུར།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-03-08 10:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚོགས་ཆེན་གཉིས་ཀྱི་སྟེང་དུ། མཐའ་མཚམས་ས་ཁུལ་འཕེལ་རྒྱས་ཇེ་མགྱོགས་གཏོང་བ་དང་། མཐའ་ཁུལ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་གོང་འཕར་གཏོང་བ་ནི་བོད་ལྗོངས་ཀྱི་རྒྱལ་ཡོངས་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ལྷན་གྱིས་ཆེས་དོ་སྣང་ཆེ་བའི་བརྗོད་བྱ་རུ་གྱུར་ཡོད། སྔར་ལས་ལྷག་པར་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་གཏོང་དགོས་ཞེས་པ་དེ་གསར་འགོད་པས་རྣ་ལམ་དུ་ཐོས་པའི་སྐད་ཆ་ཆེས་མང་བ་དེ་ཡིན།

རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ནམ། མངའ་རིས་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་རབ་བརྟན་གྱིས2013ལོར་མངའ་རིས་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ཐད་ལ་དཔྱད་ཞིབ་གཏིང་ཟབ་བྱས། ཁོང་གིས་གསར་འགོད་པར་བཤད་རྒྱུར། ལོ་འདི་དག་རིང་དུ། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ཏུ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་རིགས་ཁག་སོ་སོ་འཕེལ་རྒྱས་མགྱོགས་མྱུར་ལྡན་ལ། མི་རིགས་ཁག་སོ་སོའི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་གོང་འཕེལ་ཆེན་པོ་བྱུང་ཡོད། འོན་ཀྱང་། ང་ཚོས་སྔར་བཞིན་མཐའ་མཚམས་ས་ཁུལ་གྱི་མི་རིགས་ཁག་སོ་སོའི་མང་ཚོགས་ལ་ཐུགས་ཁུར་བྱེད་དགོས། དུས་ཡུན་རིང་བོའི་རིང་དུ། ཁོ་ཚོས་མངའ་ཁོངས་དང་མཐའ་ཁུལ་བརྟན་སྲུང་བྱེད་པ་འོས་འགན་གཙོ་བོར་བཟུང་ནས། དཀྱིལ་དབུས་ས་ཁུལ་གྱི་སྤྱི་ཚོགས་སྤྱི་པའི་ཐོན་ཁུངས་མཉམ་སྤྱོད་བྱེད་པའི་གོ་སྐབས་བཟང་བོ་དོར་ཏེ། འབད་པ་ཆེན་མོས་ཐོན་སྐྱེད་འཚོ་བའི་ཐད་ཀྱི་དཀའ་ཁག་ཡོད་ཚད་སེལ་བ་དང་། རང་རྒྱལ་ཡོངས་ཀྱི་མངའ་ཁོངས་བདག་དབང་ཆ་ཚང་དང་བརྟན་འཇགས་བདག་སྲུང་ལས་དོན་རྒྱུན་འཁྱོངས་བྱེད་པའི་ཐད་ལ་ནུས་པ་ཆེན་པོ་བཏོན་ཡོད། མཐའ་ཁུལ་མང་ཚོགས་ཀྱི་ཡོང་འབབ་སྤྱིའི་ཆ་ནས་ས་ཁུལ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཆ་སྙོམ་ཡོང་འབབ་ཀྱི་ཆུ་ཚད་ལས་དམའ་བ་རེད།

སྤྱིའི་ཆ་ནས་ཡོང་འབབ་དམའ་བ་ནི་མཐའ་མཚམས་ས་ཁུལ་ཞིང་འབྲོག་མང་ཚོགས་ཀྱི་དཀའ་ཁག་མང་པོ་ལས་གཅིག་ཡིན། བོད་ལྗོངས་ཀྱི་མཐའ་མཚམས་ས་ཐིག་མང་ཆེ་བ་རི་མཐོ་གཡང་གཟར་ཡིན་ལ། ཞིང་འབྲོག་ལས་རིགས་ཀྱི་ཐོན་སྐྱེད་ཆ་རྐྱེན་ཅུང་ཞན་པ་དང་། འགྲིམ་འགྲུལ་སྟབས་བདེ་མིན། སྨན་བཅོས་དང་སློབ་གསོའི་ཆུ་ཚད་ཀྱིས་ཀྱང་དགོས་མཁོ་བསྐོང་མི་ཐུབ་པ་རེད། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ནམ། ལྷོ་ཁ་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཁས་གྲུབ་ཀྱིས་ཀྱང་དུས་ནམ་ཡང་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ལ་དོ་སྣང་བྱེད་བཞིན་ཡོད། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད། ཁོང་གིས་ད་ལོར་ལྷོ་ཁའི་མཐའ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་གཞུང་ལམ་འཛུགས་སྐྲུན་སྐོར་གྱི་གྲོས་གཞི་བཏོན་པ་རེད། མཁས་གྲུབ་ཨུ་ཡོན་དང་བློ་བཟང་རབ་བརྟན་ཨུ་ཡོན་གྱིས་གསར་འགོད་པར་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་དུ། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་ཡིས་རྒྱབ་སྐྱོར་ཆེན་པོའི་འོག་ཏུ། བོད་ལྗོངས་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད་ལ་གོང་འཕེལ་ཆེན་པོ་ཐོན་ཡོད། འོན་ཀྱང་དམིགས་བསལ་ཀྱི་ལོ་རྒྱུས་དང་རང་བྱུང་ཆ་རྐྱེན་སོགས་ཀྱིས་བཀག་རྒྱ་ཐེབས་ཕྱིར། བོད་ལྗོངས་མཐའ་མཚམས་ས་ཁུལ་གྱི་གཞུང་ལམ་གྱི་རྨང་གཞིའི་སྒྲིག་གཞི་འཛུགས་སྐྲུན་ཐད་ལ་བུ་ལོན་ཆེན་པོ་བླངས་ཡོད་པས། འཛུགས་སྐྲུན་དལ་བ་དང་འཕེལ་རྒྱས་འགྱང་བས། གཞུང་ལམ་གྱི་སྤྱིའི་རིང་ཚད་དང་ལམ་དྲའི་འབྲེལ་ཚད། ཤར་གཏོང་ཟབ་ཚད་སོགས་མཚོན་རྟགས་གཙོ་བོ་དག་རྒྱལ་ཡོངས་ཀྱི་རྗེས་ལས་ཡིན་པ་རེད།

སྤྱིའི་ཆ་ནས་ཡོང་འབབ་དམའ་བའི་སྟེང་དུ། འགྲིམ་འགྲུལ་སྟབས་བདེ་མིན་པས་མཐའ་མཚམས་ས་ཁུལ་གྱི་དངོས་ཟོག་རིན་གོང་མཐོ་བ་རེད། འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་འདོད་ཚུལ་ལྟར་ན། བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་དང་མཐའ་ཁུལ་མང་ཚོགས་ལ་རོགས་དངུལ་གཏོང་ཚད་ཇེ་ཆེར་གཏོང་བ་ནི་དགོས་ངེས་ཞིག་ཏུ་གྱུར་ཡོད། རྒྱལ་ཡོངས་སྲིད་གྲོས་ཨུ་ལྷན་ནམ་ཉིང་ཁྲི་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐར་མས་མེ་ཏོག་རྫོང་ནས་དཔྱད་ཞིབ་བྱེད་པའི་སྐབས་སུ་ཤེས་རྟོག་བྱུང་རྒྱུར། མེ་ཏོག་རྫོང་གི་མང་ཚོགས་ཀྱི་འཚོ་བའི་འགྲོ་སོང་ཧ་ཅང་མཐོ་ལ། འཚོ་བའི་ཆུ་ཚད་ནི་ཉེ་འགྲམ་གྱི་སྤོ་མེས་དང་སྨོན་གླིང་རྫོང་གི་སྡོད་དམངས་དང་ཁྱད་པར་ཆེན་པོ་ལྡན། དཀའ་སྡུག་གི་འཚོ་བའི་ཆ་རྐྱེན་ནི་མཐའ་མཚམས་སུ་ཐོན་སྐྱེད་དང་འཚོ་བ་རོལ་བར་དགེ་མཚན་ཆེན་པོ་མེད་པ་རེད། བློ་བཟང་བསམ་གཏན་ཨུ་ཡོན་གྱིས་གསར་འགོད་པར་རྩིས་རྒྱག་ཞིབ་མོ་ཞིག་བྱས། མངའ་རིས་ཀྱི་མཐའ་མཚམས་ས་ཁུལ་དུ་ཁོག་སྟོང་སྔོ་ཚལ་རྒྱ་མ་གང་ལ་སྒོར་བཅོ་བརྒྱད་དགོས་པ་རེད། ཨར་འདམ་ལྷ་ས་ནས་མངའ་རིས་བར་དུ་སྐྱེལ་འདྲེན་བྱས་ཚེ་ཏུན་རེར་སྒོར1500དགོས་ལ། དེ་ལས་ཀྱང་མཐའ་མཚམས་ཁུལ་དུ་ཕྱིན་ཚེ་ཨར་འདམ་གྱི་རིན་གོང་ཏུན་གཅིག་ལ་སྒོར2400དགོས་པ་རེད། སྨན་བཅོས་འགྲོ་སོང་ཡང་དཀྱིལ་དབུས་ས་ཁུལ་དང་མཐོ་དམའ་ཆེན་པོ་ཡོད་པ་རེད། དངོས་ཟོག་རིན་གོང་མཐོན་པོ་ཡིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོ་སོང་ཇེ་མཐོར་བཏང་ཡོད། དེའི་སྟེང་དུ་གནམ་གཤིས་ཧ་ཅང་ངན་ལ། ཁྲོམ་ར་འཕེལ་རྒྱས་ཞན་པ་དང་འཚོ་བའི་དངོས་ཟོག་དཀོན། རང་ཉིད་འཕེལ་རྒྱས་གཏོང་བའི་ནུས་པ་ཞན། མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ལ་ལའི་འཚོ་བ་དཀའ་ཁག་ཧ་ཅང་ཆེ་བ་རེད།

ད་དུང་འཐུས་མི་དང་ཨུ་ཡོན་མང་པོས་བོད་ལྗོངས་མཐའ་མཚམས་ས་ཁུལ་གྱི་མི་གྲངས་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་ལས་དོན་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ཁོ་ཚོས་འདོད་ཚུལ་ལྟར་ན། བོད་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་ནི་མི་རིགས་མང་པོའི་འདུས་སྡོད་ས་ཁུལ་ཡང་ཡིན་པས། མི་རབས་ནས་མི་རབས་བར་དུ་རྒྱུན་འཛིན་བྱས་པའི་མངོན་མིན་ཤུལ་བཞག་རིག་གནས་ཕུན་སུམ་ཚོགས་པ་ཡོད་ལ། ཧ་ཅང་རྩ་ཆེན་ཡང་ཡིན་པ་རེད།

ད་ལོར་བློ་བཟང་བསམ་གཏན་ཨུ་ཡོན་གྱིས་མཐའ་མཚམས་ས་ཁུལ་མང་ཚོགས་ཀྱི་རོགས་སྐྱོར་ཚད་གཞི་ཇེ་མཐོར་གཏོང་བའི་སྐོར་གྱི་གྲོས་གཞི་བཏོན། ཁོང་གིས། གྲོས་གཞི་དེ་ནི་ངས་མངའ་རིས་ས་ཁུལ་ནས་དཔྱད་ཞིབ་གཏིང་ཟབ་བཏང་བའི་རྨང་གཞིའི་སྟེང་དུ་བཏོན་པ་ཡིན། ད་ཐེངས་འཐུས་མི་དང་ཨུ་ཡོན་མང་པོས་གནད་དོན་དེའི་ཐད་ལ་དོ་སྣང་བྱེད་བཞིན་པ་མཐོང་བྱུང་། ང་རང་གིས་ད་ལོའི་ཚོགས་ཆེན་གཉིས་མཇུག་རྫོགས་རྗེས་མུ་མཐུད་དུ་དཔྱད་ཞིབ་མངའ་ཁོངས་རྒྱ་བསྐྱེད་ནས། བོད་ལྗོངས་ཧྲིལ་བོའི་མངའ་ཁོངས་ནས་མཐའ་མཚམས་ས་ཁུལ་འཕེལ་རྒྱས་སྐོར་ལ་དཔྱད་ཞིབ་དེ་ལས་གཏིང་ཟབ་བྱས་ཏེ། སང་ལོར་སླར་ཡང་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ཐད་ལ་སྔར་ལས་སྤུས་ཚད་དང་ཟབ་ཚད་ལྡན་པའི་གྲོས་གཞི་འདོན་ངེས་ཡིན་ཞེས་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག