མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱི་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་འཚོ་བར་བརྩི་འཇོག་དང་འགན་སྲུང་གང་ལེགས་ཐུབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-03 15:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན། དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་འཚོ་བར་བརྩི་འཇོག་དང་འགན་སྲུང་གང་ལེགས་ཐུབ་ཡོད། སྟོབས་ཆུང་ནི་བཀྲ་ཤིས་ལྷུན་པོ་དགོན་པའི་དགེ་འདུན་པ་དཀྱུས་མ་ཞིག་ཡིན། ད་ཆ་ཉིན་རེའི་ངེས་པར་དུ་བསྒྲུབ་དགོས་ངེས་ཀྱི་ལས་དོན་ཕུད། ཁོམ་པ་ཡོད་དུས་ཁོང་གིས་རྒྱ་སྐད་ཆུ་རྒྱུག་རྒྱུག་ཐོག་ནས་ཡུལ་སྐོར་བར་སྣེ་ཤད་གནང་གི་ཡོད། ན་གཞོན་དགེ་འདུན་པར་གཟིགས་བཞིན་དུ་དགུང་ལོ73ལ་སོན་པའི་དགེ་འདུན་པ་ཚེ་རིང་རྡོ་རྗེར་བོད་ཀྱི་སྤྱི་ཚོགས་གསར་རྙིང་གི་དགེ་འདུན་པར་འགྱུར་བ་ཆེན་པོ་བྱུང་ཡོད་པའི་ཚོར་སྣང་བྱུང་ཡོད་པ་སྟེ། དེ་སྔ་ཡིན་ན་དགེ་འདུན་པ་དགོན་པར་སླེབས་མ་ཐག་པའི་དུས་སུ་སྤྱིར་བཏང་བྱས་ན་ཡིག་རྨོངས་ཡིན། གང་ཡིན་ཞེ་ན། རིག་གནས་སློབ་སྦྱོང་བྱེད་པའི་ཆ་རྐྱེན་མེད་པས། དགོན་པར་སླེབས་རྗེས་བོད་ཡིག་དབྱངས་གསལ་ནས་འགོ་བཙུགས་ཏེ་སྦྱོང་གི་ཡོད། འོན་ཀྱང་ད་ཆ་དགོན་པར་སླེབས་མཁན་དགེ་འདུན་པ་ཚང་མའི་རྨང་གཞིའི་ཤེས་བྱ་ཡག་པོ་འདུག་ཅེས་གསུངས་པ་རེད། སྤྱི་ལོ2011ལོར་བོད་རང་སྐྱོང་ལྗོངས་ཀྱིས་ལོ་བཅོ་བརྒྱད་ལོན་པའི་གྲྭ་བཙུན་ཡིན་ཚེ། ཐེམ་ཐོའི་ཚད་བཀག་མེད་པར་ཚང་མ་ས་གནས་དེ་གའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་རྒན་གསོ་དང་སྨན་བཅོས་འགན་བཅོལ་ནང་ཞུགས་ཆོག་ཅེས་བཏོན་པ་དེས་བཀྲ་ཤིས་ལྷུན་པོ་དགོན་པའི་དགེ་འདུན་པ800ཙམ་ཚང་མར་རྒན་གསོ་དང་། སྨན་བཅོས། མ་མཐའི་འཚོ་བའི་འགན་སྲུང་སོགས་སྤྱི་ཚོགས་འགན་སྲུང་ཚང་མ་ལོངས་སྤྱོད་བྱ་རྒྱུ་བྱུང་ཡོད།

བོད་ཀྱི་དད་ལྡན་མང་ཚོགས་ཚོའི་རྒྱུན་ལྡན་གྱི་ཆོས་ལུགས་འཚོ་བའི་དགོས་མཁོ་སྐོང་ཆེད། དུས་རབས20པའི་ལོ་རབས80ནས་བཟུང་། ཀྲུང་དབྱང་སྲིད་གཞུང་གིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར7ལྷག་བཏང་ནས་བོད་ཀྱི་དགོན་སྡེར་ཉམས་གསོ་དང་སྲུང་སྐྱོབ་བྱས་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུ་དབྱིན་ཅེ་ནས་བོད་ལ་དགོན་སྡེ1700ལྷག་དང་། གྲྭ་བཙུན་བཞི་ཁྲི་དྲུག་སྟོང་ལྷག་ཙམ་ཡོད། ན་ནིང་ལོ་གཅིག་ལ་དགོན་སྡེར་གཞུང་ལམ་བསྐྲུན་རྒྱུར་སྒོར་དུང་ཕྱུར20ལྷག་བཏང་ཡོད། དེ་ནི་བོད་ཀྱིས་ཆོས་དད་རང་མོས་ལག་བསྟར་བྱ་རྒྱུ་དོན་འཁྱོལ་ཅུང་ཡག་པོ་བྱུང་བའི་ལོ་ཞིག་ཡིན་ཞེས་བཤད་ཆོག་ཅེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག