མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་མངོན་མིན་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱས་ནས་བློ་གྲོས་དང་ཤེས་རབ་ཀྱི་མུ་བསྐྱངས་ནས་རིག་གནས་རྒྱུད་འཛིན་གནང་།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-02-23 11:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལྷ་མོའི་ཟློས་གར་གྱི་འབྱུང་ཁུངས་ཐད། ལོ་རྒྱུས་ཡིག་ཚགས་ལྟར་ན་དུས་རབས༨པའི་སྐབས་ཀྱི་བོད་ཀྱི་ཆོས་ལུགས་སྒྱུ་རྩལ་ཡར་དེད་ཆོག་པ་ནི་བོད་ལྗོངས་སུ་ལྷ་མོའི་ཟློས་གར་གླེང་དུས། མི་རྣམས་ཀྱིས“ཇོ་མོ་ལུང” དྲན་འོངས། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་སྣེ་ཆུང་གྲོང་བརྡལ་རྒྱ་རི་གྲོང་ཚོའི“ཇོ་མོ་ལུང”དུ་གྲགས་པའི་གྲོང་ཚོ་འདི་ནི་གནའ་སྔ་མོ་ནས་ལྷ་མོའི་ཟློས་གར་གྱི་དབང་གིས་མིང་དུ་གྲགས་ཤིང་། གྲོང་ཚོ་དེའི་ཉེ་འདབས་ཀྱི་ཇོ་མོ་ལུང་དགོན་ནི་ལོ་ངོ་བརྒྱ་ཕྲག་དུ་མར་མིང་གྲགས་ཆེ་བའི་ལྷ་སའི་ལུགས་ཀྱི་ཞལ་འབག་སྔོན་པོའི་ལྷ་མོའི་ཟློས་གར་གྱི་འབྱུང་ཡུལ་རེད།

དགུན་དཀྱིལ་ལ། གསར་འགོད་པ་སྟོད་ལུང་བདེ་ཆེན་རྫོང་གི་ཇོ་མོ་ལུང་ལྷ་མོའི་ཟློས་གར་བརྒྱུད་སྤེལ་རྟེན་གཞིའི་འཁྲབ་སྦྱོང་ཁང་དུ་འབྱོར་དུས། ཇོ་མོ་ལུང་ལྷ་མོའི་ཟློས་གར་ཚོགས་པའི་ཁོངས་མི་རྣམས་ཀྱིས་དགེ་རྒན་གྱི་ཞིབ་ཚགས་ལྡན་པའི་མཛུབ་སྟོན་འོག་ནན་ཏན་གྱིས་སྦྱོང་བརྡར་བྱེད་ཀྱིན་ཡོད། ད་ལོ་ལོ༢༣ལོན་པའི་བསྟན་པ་ཡར་འཕེལ་གྱིས་ཇོ་མོ་ལུང་ལྷ་མོའི་ཟློས་གར་ཚོགས་པར་འཁྲབ་སྟོན་བགྱིས་ནས་ལོ་ངོ༤འདས་ཟིན། ཁོས་གསར་འགོད་པར་བཤད་རྒྱུར། “ང་ཚོས་ཉིན་རྒྱུན་འདི་གར་སྦྱོང་བརྡར་བྱེད་ཀྱིན་ཡོད། དགེ་རྒན་གྱིས་ང་ཚོར་ཟློས་གར་ཁྲིད་དུས་ཧ་ཅང་ནན་ཏན་ཡིན་ལ་ང་ཚོས་ཀྱང་ལྷ་མོའི་ཟློས་གར་སྐོར་གྱི་ཤེས་བྱ་མང་པོ་སྦྱོང་ཐུབ། གཞན་ལོ་རེར་ང་ཚོས་དགེ་རྒན་གྱི་སྣེ་ཁྲིད་འོག་འཁྲབ་སྟོན་ཁ་ཤས་སུ་ཞུགས་པ་ཡིན། ལྷ་མོའི་ཟློས་གར་འཁྲབ་སྟོན་དང་མཉམ་དུ། དཔལ་འབྱོར་གྱི་ཡོང་སྒོའང་རག་ཐུབ་པས་དེས་ང་ཚོའི་ཁྱིམ་ཚང་ལ་རོགས་སྐྱོར་ཆེན་པོ་ཐོབ་ཡོད་”ཟེར།

བསྟན་པ་ཡར་འཕེལ་གྱིས་གླེང་པའི་དགེ་རྒན་ནི་ལོ་གཉིས་རིང་བསྟུད་མར“ལྗོངས་ཡོངས་ཀྱི་ལྷ་མོའི་ཟློས་གར་འགྲན་བསྡུར་ཁྲོད་མི་སྒེར་གྱི་ཨང་དང་པོ”རག་མཁན་ལོ་གཞོན་ལྷ་མོའི་ཟློས་གར་འཁྲབ་སྟོན་པ་བློ་བཟང་བཀྲ་ཤིས་རེད། ལོ་ངོ༡༢རིང་ལྷ་མོའི་ཟློར་གར་འཁྲབ་སྟོན་མཁན་བློ་བཟང་བཀྲ་ཤིས་ཀྱིས་ཁོ་རང་ནི་ཧ་ལམ་ཇོ་མོ་ལུང་ལྷ་མོའི་ཟློས་གར་དང་མཉམ་དུ་ནར་སོན་པར་བཤད་ལ། རང་གིས་ཇོ་མོ་ལུང་ལྷ་མོའི་ཟློས་གར་གྱི་ལོ་འདི་འགའི་རིང་གི་འཕེལ་རྒྱས་དངོས་སུ་ར་སྤྲོད་བྱས་ཡོད་ཟེར།

བློ་བཟང་བཀྲ་ཤིས་ཀྱིས“སྔོན་ཆད། ང་ཚོར་འཁྲབ་སྦྱོང་གི་གནས་ངེས་གཏན་ཞིག་མེད་དེ། ལོ་གཅིག་གི་དུས་ཚིགས་བཞི་བོར་ཆར་རླུང་གང་ཡིན་རུང་སྦྱོང་བརྡར་ནི་རྒྱུན་ཆད་མི་རུང་། འོན་ཏེ། དེང་གི་ཆར་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་སོགས་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་འོག ཇོ་མོ་ལུང་ལྷ་མོའི་ཟློས་གར་ཚོགས་པ་རྒྱུད་སྤེལ་རྟེན་གཞི་འཛུགས་བསྐྲུན་ལེགས་འགྲུབ་བྱུང་པ་མ་ཟད་བཀོལ་སྤྱོད་བྱེད་མུས་ཡིན། ང་ཚོས་རྒྱུན་པར་ཁོད་ཡངས་ཤིང་དཀར་ཆ་དོད་པའི་ཁང་པ་འདི་འདྲའི་ནང་སྦྱོང་བརྡར་བྱེད་ཀྱི་ཡོད་པས། ཆར་རླུང་དང་། ཉི་གདུང་སོགས་གང་ལའང་འདང་རྒྱག་བྱེད་མི་དགོས་པས་སེམས་ནས་དགའ་སྤྲོས་ཁེངས་ཏེ་བློ་ཡིད་ཚིམས་ནས་ཡོད”ཅེས་ཟེར།

ཇོ་མོ་ལུང་ལྷ་མོའི་ཟློས་གར་ནི་བོད་ལྗོངས་ཀྱི་ལྷ་མོའི་ཟློས་གར་ཚོགས་པའི་འཁྲབ་ལུགས་ཁྲོད། སྒྱུ་རྩལ་གྱི་ཕྱོགས་ལ་འཕེལ་རྒྱས་འཐུས་ཚང་ཡིན་ལ་ཕུན་སུམ་ཚོགས། མང་ཚོགས་ཀྱི་ཁྲོད་དུ་མཚན་སྙན་ཆེ་ལ་བག་ཆགས་ཟབ་པས་དར་ཁྱབ་ཀྱང་ཤིན་ཏུ་ཆེ། ༢༠༠༢ལོར། སྟོད་ལུང་བདེ་ཆེན་རྫོང་སྣེ་ཆུང་གྲོང་བརྡལ་རྒྱ་རི་གྲོང་ཚོ་ནི་བོད་རང་སྐྱོང་ལྗོངས་ཀྱིས“ལྷ་མོའི་ཟློས་གར་སྒྱུ་རྩལ་གྱི་ཕ་ས”ཞེས་པའི་མཚན་སྙན་གནང་པ་དང་། ལྷ་མོའི་ཟློས་གར་གྱི་འབྱུང་ཁུངས་ཡིན་ལ་སྲིད་གཞུང་གིས་ཀྱང་སྲུང་སྐྱོང་གོ་ཆོད་བྱས་པས། དེང་སྐབས་ཇོ་མོ་ལུང་ལྷ་མོའི་ཟློས་གར་གྱི་མཚན་སྙན་ཕྱོགས་བཞིར་ཁྱབ་ཡོད་ཅེས་བརྗོད་ཆོག་སྟེ། ལོ་རེར་འཁྲབ་སྟོན་གྱི་གོ་སྐབས་ཤིན་ཏུ་མང་སྟེ། བཤད་ཚུལ་ལྟར་ན་ལོ་རེར་ཆ་སྙོམས་འཁྲབ་ཚད༣༠༠ལྷག་བརྒལ་འདུག

སྟོད་ལུང་བདེ་ཆེན་རྫོང་རིག་གནས་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་ཅུད་ཀྱི་ཅུད་ཀྲང་གཞོན་པ་བསྟན་འཛིན་གྱིས། ཇོ་མོ་ལུང་ལྷ་མོའི་ཟློས་གར་ནི་བོད་ལྗོངས་ཀྱི་དམངས་ཁྲོད་སྒྱུ་རྩལ་རྩ་ཆེན་ཡིན་ཏེ། 2006ལོར“རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་མིང་ཐོ”ཐོག་མའི་གྲས་སུ་ཚུད་རྗེས། སྔར་ལས་ལྷག་པའི་སྒོ་ནས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་བྱ་ཆེད། ལོ་འདི་འགའི་རིང་བོད་ལྗོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་སྲིད་ཇུས་དང་། མ་དངུལ། དངོས་ཟོག དོ་དམ་བཅས་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་ཆེན་པོ་གནང་ཟེར།

བསྟན་འཛིན་གྱིས། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ནོར་སྲིད་དང་སྟོད་ལུང་བདེ་ཆེན་རྫོང་ཏང་ཨུད་དང་རྫོང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ཇོ་མོ་ལུང་ལྷ་མོའི་ཟློས་གར་ཚོགས་པ་བཙུགས་པ་མ་ཟད་རྒྱལ་ཁབ་ཀྱི་མངོན་མིན་ཤུལ་བཞག་རིག་གནས་བརྒྱུད་སྤེལ་རྟེན་གཞི་བཀོལ་སྤྱོད་བྱས་པས། འཁྲབ་ཆས་སྐྱེལ་འདྲེན་རླངས་འཁོར་དང་། འཁྲབ་ལྭ། འཁྲབ་ཆས། སྒྲ་ཆས། འབྲེལ་ཡོད་སྲ་ཆས་སྒྲིག་ཆས་སོགས་ཀྱང་མངགས་ཉོ་བྱས་པ་མ་ཟད། གཞན་ལོ་རེར་ལྗོངས་ནང་ཁུལ་གྱི་ཆེད་མཁས་གདན་འདྲེན་བྱས་ནས་ལོ་གཞོན་འཁྲབ་སྟོན་པ་རྣམས་ལ་སློབ་ཁྲིད་ཀྱང་གནང་པ་ཡིན། དེང་སྐབས། ལོ་གཞོན་འདི་དག་གི་ལས་སྒོའི་སྤུས་ཚད་སྔར་ལས་ལེགས་པ་མ་ཟད། སྔར་ལས་ཆེད་ལས་ཅན་དུ་གྱུར་ནས་མི་རིགས་ཀྱི་སྔོན་ཐོན་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་ལ་ནུས་པ་དོན་དང་ལྡན་པ་འདོན་བཞིན་ཡོད་ཟེར།

གསར་འགོད་པས་རྒྱུས་ལོན་བྱུང་པ་ལྟར་ན། མིག་སྔའི་བར་དུ། བོད་ལྗོངས་སུ་ཁྱོན་བསྡོམས་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས༧༦ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས༣༢༣ཡོད། བོད་ལྗོངས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་དོ་དམ་སྲུང་སྐྱོབ་སྔར་ལས་ཚད་ལྡན་ཅན། ལུགས་མཐུན་ཅན་དུ་གཏོང་ཆེད། ལོ་འདི་འགའི་རིང་། རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་། རིག་གནས་ཐིང་གིས་བོད་ལྗོངས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་ཀའི་ནུས་པར་ཤུགས་སྣོན་བྱ་དགོས་པའི་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་བཏོན་པ་མ་ཟད་ཧུར་ཐག་གིས་མ་དངུལ་ཡང་ལག་བསྟར་བྱས་འདུག

བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་སློབ་གསོ་ཚན་རྩལ་རིག་གནས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཡོན་ཨར་ཤིང་གིས།“བོད་ལྗོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་སྒྱུ་རྩལ་དོན་འཁྱོལ་སྲུང་སྐྱོབ་དང་། མི་རིགས་ཞབས་བྲོ་མུ་མཐུད་དུ་རྒྱུད་འཛིན། གསར་བཟོའི་ལག་རྩལ་ཐོན་སྤེལ་བཀོལ་སྤྱོད་བཅས་བྱ་ཆེད། ༢༠༡༣ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ནས་ལྗོངས་ཡོངས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཐད་སྤྱོད་ཀྱིན་པ་མ་ཟད། མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཆེད་མཁས་པའི་ཞིབ་དཔྱད་ཚོགས་འདུ་རྩ་འཛུགས་བྱས་ཏེ་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་ཐོན་སྤེལ་བཀོལ་སྤྱོད་རྣམ་གྲངས་སྙན་ཞུར་ཞིབ་དཔྱད་གནང་། 2013ལོར། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ནོར་སྲིད་བཀོད་སྒྲིག་བྱས་ནས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་ཐོན་སྤེལ་རྣམ་གྲངས55དང་མངོན་མིན་ཤུལ་བཞག་རིག་གནས་ལྡེབས་བྲིས་སྒྱུ་རྩལ་སྲུང་སྐྱོབ་རྣམ་གྲངས། ཆབ་མདོའི་མངོན་མིན་ཤུལ་བཞག་རིག་གནས་གྲངས་མཛོད་འཛུགས་བསྐྲུན། མལ་གྲོ་གུང་དཀར་རྫོང་གི་བྲོ་སྲུང་སྐྱོབ། 《ཟློས་གར་ཆེན་མོ་བརྒྱད》ཀྱི་འོད་སྡེར་བཟོ་བ་བཅས་ཀྱི་རྣམ་གྲངས་ཐད་ཁྱོན་བསྡོམས་སྒོར་ཁྲི883.36བཏང་པ་རེད། དུས་མཚུངས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྣམ་གྲངས་ལ་མ་དངུལ་སྒོར2422ལག་བསྟར་བྱས”ཟེར།

བོད་ལྗོངས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ནི་བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ལོ་ངོ་སྟོང་ཕྲག་དུ་མའི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་གསར་གཏོད་དང་། རྒྱུད་འཛིན། ཐུན་མོང་དུ་ལོངས་སྤྱོད་བྱས་པའི་བསམ་བློའི་ནོར་བུ་རྩ་ཆེན་རེད། དེས་བོད་རིགས་ཀྱི་མེས་པོ་རྣམས་ཀྱི་ཤེས་རབ་ཀྱི་གཟི་མདངས་རྒྱུན་འཁྱོངས་དང་། མི་དམངས་ཀྱི་བསམ་བློའི་འཚོ་བ་ཕུན་སུམ་ཚོགས་པར་གཏོང་པ། སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་བོད་ལྗོངས་འཛུགས་བསྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན། ཡོན་ཨར་ཤིང་གིས“2014ལོར། ང་ཚོའི་འབྲེལ་ཡོད་ཀྱི་གཏན་འཁེལ་ལྟར། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་ཀྱི་ལག་ཤེས་སྒྱུ་རྩལ་དང་། བཟོ་རིག་སྒྱུ་རྩལ། མི་རིགས་ཞབས་བྲོ། སྙན་ངག་རྒྱུད་ལེན་སོགས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་ཚད་ཇེ་མཐོར་བཏང་ནས། སྔོན་ཐོན་གྱི་སྲོལ་རྒྱུན་རིག་གནས་སྔར་ལས་ལྷག་པའི་སྒོ་ནས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་པར་ཁག་ཐེག་བྱེད་རྒྱུ་ཡིན”ཟེར།  །  

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག