མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ནོར་སྲིད་ཀྱིས་གྲོང་ཚོའི་ལས་བྱེད་པའི་གླ་ཕོགས་གསབ་དངུལ་སྒོར་དུང་ཕྱུར1.57ལག་བསྟར་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-02-09 10:42

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་གླ་ཕོགས་དང་གྲུབ་འབྲས་དཔྱད་ཞིབ་ཚད་གཞི་ཇེ་མཐོར་གཏོང་བ་དང་། གྲོང་ཚོའི་ལས་བྱེད་པའི་ལས་ཀ་གསར་གཏོད་ཀྱི་འབད་བརྩོན་རང་བཞིན་དང་། རང་རྟོགས་རང་བཞིན་ལ་སྐུལ་སློང་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱིས་གསར་གཏོད་ནུས་ཤུགས་དང་། མཐུན་སྒྲིལ་ནུས་ཤུགས། འཐབ་རྩོད་ནུས་ཤུགས་ཇེ་མཐོར་བཅས་སྟེ། “རྒན་པ་གསུམ”གྱི་མི་སྣའི་འཚོ་བའི་གསབ་དངུལ་ཚད་གཞི་ཇེ་མཐོར་བཏང་། དེ་མིན་ཏང་ཡོན་རྒན་པ་དང་། ལས་བྱེད་རྒན་པ། ངལ་རྩོལ་དཔེ་ལེགས་ཅན་རྒན་པ་ལས་འཁྱུར་ངལ་གསོ་གནང་རྗེས་མུ་མཐུད་དུ་ཏང་གི་ལས་དོན་ལ་ནུས་ཤུགས་འདོན་པ་དང་། སྲིད་ཕྱོགས་གྲོས་འཆར་འདོན་པའི་སྤྲོ་སེམས་རང་བཞིན་སྐུལ་སྤེལ་གནང་སྟེ། ལྔ་སྐྱོང་ཁྱིམ་ཚང་གསོ་སྐྱོང་གསབ་དངུལ་རིམ་བཞིན་ཇེ་མཐོར་གཏོང་བ་དང་། གཅིག་སྡུད་སྒོས་གསོ་སྐྱོང་དང་ཁ་འཐོར་དུ་གསོ་སྐྱོང་གནང་པའི་ལྔ་སྐྱོང་ཁྱིམ་ཚང་གིས་ཏང་གི་དམངས་ཕན་སྲིད་ཇུས་ཁྲོད་ཀྱི་རྒས་ན་རྟེན་ས་ཡོད་པ་དང་། རྒས་ན་གསོ་སྐྱོང་ཡོད་པ། རྒས་ན་སྤྲོ་སྐྱིད་ཡོད་པ་རྟོགས་ཏུ་འཇུག་པ། བགས་ཁེ་གླ་གཏོང་ཁང་པར་གསབ་དངུལ་སྤྲོད་པ་བཅས་ལག་བསྟར་བྱས་ནས། གྲོང་བརྡལ་གྱི་མི་གཅིག་ཁྱིམ་ཚང་དང་མི་གཉིས་ཁྱིམ་ཚང་གི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་སྡོད་ཁང་དཀའ་གནད་ཐག་གཅོད་གནང་།

གོང་གསལ་འདི་དག་ནི་བོད་ལྗོངས་ཀྱིས་ནོར་སྲིད་གཏོང་ཚད་སྔར་ལས་ཇེ་མཐོར་བཏང་ནས། དམངས་འཚོའི་སྲིད་ཇུས་ལག་བསྟར་དང་། མང་ཚོགས་ཁྲི་སྟོང་མང་པོར་ཕན་བདེ་བསྐྲུན་པའི་དོན་དངོས་བྲིས་གཟུགས་ཡིན་ལ། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་གིས་གཞི་རིམ་མང་ཚོགས་དང་དཀའ་ཁག་ཅན་གྱི་ཚོགས་པར་བཅིངས་པའི་བྱམས་བརྩེའི་ཐུགས་ཁུར་ཡང་མཚོན་ཡོད།

སྡོམ་རྩིས་གྲངས་ཀར་མངོན་པ་ལྟར་ན། 2013ལོར། བོད་ལྗོངས་ཀྱིས་ཁྱོན་བསྡོམས་ལྗོངས་ཡོངས་ཀྱིས་གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་གླ་ཕོགས་གསབ་དངུལ་སྒོར་ཁྲི15756.7ལག་བསྟར་བྱས་པ་དང་། “རྒན་པ་གསུམ”གྱི་མི་སྣའི་འཚོ་བའི་གསབ་དངུལ་སྒོར་ཁྲི5666.1ལག་བསྟར་བྱས་པ། ལྔ་སྐྱོང་ཁྱིམ་ཚང་གི་གསོ་སྐྱོང་མ་དངུལ་སྒོར་ཁྲི2252.4ལ་ལག་བསྟར་བྱས་པ། གྲོང་བརྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་ བགས་ཁེ་གླ་གཏོང་ཁང་པར་གསབ་དངུལ་སྤྲད་དེ་ཁྱིམ་ཚང9094ཡི་མི་གྲངས13996ལ་ཕན་བདེ་བསྐྲུན་པ་རེད།

གསར་འགོད་པས་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་རྒྱུས་ལོན་བྱུང་པ་ལྟར་ན། 2013ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་། ལྗོངས་ཡོངས་ཀྱི་གྲོང་ཚོའི་ཏང་ཀྲུ་པུའུ་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་ཀྲུའུ་རེན་གྱི་གཞི་རྩའི་གླ་ཕོགས་མི་རེར་ལོ་རེར་སྒོར816འཕར་ནས་ལོ་རེར་མི་རེར་སྒོར7099ལ་སླེབས་ཡོད་པ་དང་། གྲུབ་འབྲས་དཔྱད་ཞིབ་གཟེངས་རྟགས་གསབ་དངུལ་མི་རེར་ལོ་རེར་སྒོར233འཕར་ནས་མི་རེར་ལོ་རེརེ་སྒོར2027ལ་སླེབས་ཡོད། གྲོང་ཚོའི་ལས་བྱེད་གཞན་དག་གི་འབྲེལ་ཡོད་གླ་ཕོགས་ཀྱང་དེ་དང་འདྲ་བར་ཇེ་མཐོར་བཏང་ཡོད། མཐའ་མཚམས་གྲོང་ཚོའི་ཏང་ཀྲུ་པུའུ་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་ཀྲུའུ་རེན། གྲོང་ཚོའི་ལས་བྱེད་གཞན་དག་གི་འབྲེལ་ཡོད་གླ་ཕོགས་ནི་ལྗོངས་ཡོངས་ཀྱི་ཚད་གཞི་ལས་ཅུང་ཙམ་མཐོན་པོར་ཆགས་ཡོད་ཅིང་། ཞིང་འབྲོག་ས་ཁུལ་གྱི་ཏང་ཡོན་རྒན་པ་དང་། ལས་བྱེད་རྒན་པ། ངལ་རྩོལ་དཔེ་ལེགས་ཅན་རྒན་པ་བཅས“རྒན་པ་གསུམ”གྱི་མི་སྣའི་འཚོ་བའི་གསབ་དངུལ་ཚད་གཞི་དེ་སྔར་ཡོད་ཀྱི་རྨང་གཞིའི་སྟེང་མི་རེར་ཟླ་རེར་སྒོར50འཕར་ཡོད་ལ། ཞིང་འབྲོག་ས་ཁུལ་གྱི་ལྔ་སྐྱོང་ཁྱིམ་ཚང་གསོ་སྐྱོང་གསབ་དངུལ་ཚད་གཞི་ནི་སྔར་ཡོད་ཀྱི་མི་རེར་ཟླ་རེར་སྒོར2400ནས་མི་རེར་ཟླ་རེར་སྒོར2600ལ་འཕར་ཡོད།

“གྲོང་ཚོའི‘ཨུད་གཉིས’ཀྱི་ཁོངས་མིའི་གླ་ཕོགས་ཀྱང་ཇེ་མཐོར་བཏང་ནས་ང་ཚོའི་གྲོང་ཚོའི་ལས་བྱེད་པའི་ཁྱིམ་ཚང་གི་ཡོང་སྒོར་འཕར་བར་བྱས་ཏེ། ཀུན་གྱི་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱས་ནས་ལས་ཀ་གསར་གཏོད་ཀྱི་སྤྲོ་སེམས་ཀྱང་སྔར་ལས་མཐོ་རུ་ཕྱིན་ཡོད” ཅེས་ཆུ་ཤུར་རྫོང་ཆུ་ཤུར་གྲོང་བརྡལ་ཆུ་ཤུར་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཕུར་བུ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཏང་དང་སྲིད་གཞུང་གིས་ང་ཚོ་གཞི་རིམ་ལས་བྱེད་པར་ཐུགས་ཁུར་དང་བྱམས་བརྩེ་གནང་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ང་ཚོ་ལ་ཡང་ཡུལ་མི་རྣམས་སྣེ་ཁྲིད་ནས་ཕྱུག་འགྱུར་འབྱོར་འབྲིང་དུ་བསྐྱོད་པར་ཡིད་ཆེས་དང་སེམས་ཤུགས་ཀྱིས་ཁེངས་ཡོད་ཟེར། གསར་འགོད་པས་ཆུ་ཤུར་རྫོང་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་པ་ལྟར་ན། 2013ལོར་། ཆུ་ཤུར་རྫོང་དུ་ཁྱོན་བསྡོམས་གྲོང་ཚོའི“ཨུད་གཉིས”ཀྱི་ཀྲུའུ་རེན21དང་། ཀྲུའུ་རེན་གཞོན་པ20། ཨུ་ཡོན50བཅས་ཡོད་པ་དང་། ལས་བྱེད་པའི་གླ་ཕོགས་གསབ་དངུལ་ཁྱོན་བསྡོམས་སྒོརཁྲི137ལག་བསྟར་བྱས་ཤིང་། དེའི་ནང་དུ་སྒོར་ཁྲི3ནི་གྲོང་ཚོའི་ལས་བྱེད་པའི་ལོ་གཉིས་ཐེངས་གཅིག་གི་གཟུགས་པོའི་བརྟག་དཔྱད་ཀྱི་མ་དངུལ་རེད།

ཆུ་ཤུར་རྫོང་ཆུ་ཤུར་གྲོང་བརྡལ་ཆུ་ཤུར་གྲོང་ཚོའི་ཚོགས་པ་གསུམ་པའི་རྒན་མོ་འཛོམས་སྐྱིད་ཀྱི་ཁྱིམ་དུ་སླེབས་དུས། གསར་དུ་བརྒྱབ་པའི་ཁང་པ་གྱན༥ནི་གྲལ་དག་གསལ་པོར་སྣང་ཞིང་། བརྙན་འཕྲིན་འཕྲུལ་ཆས་དང་། འཁྱགས་སྒམ། གྱོན་པ་འཁྲུ་ཆས་སོགས་ཁྱིམ་སྤྱོད་གློག་ཆས་གང་མཁོ་ཆ་ཚང་པར་སྒྲིག་འདུག “ངས་ད་སྐབས་ཟླ་རེར་སྒོར350འཚོ་བའི་གསབ་དངུལ་བླངས་ནས་གཞི་རྩའི་འཚོ་བའི་གནད་དོན་ཐག་གཅོད་བྱེད་ཐུབ་པས། ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུས་པ་ཡིན” ཞེས་ཏང་ཡོན་གྱི་ལོ་ཚད་ལོ48ཡོད་པའི་ཨ་མ་རྒན་མོ་འཛོམས་སྐྱིད་ཀྱིས་སེམས་གཏམ་བརྗོད་བྱུང་། ཆུ་ཤུར་རྫོང་གི་འབྲེལ་ཡོད་འགན་ཁུར་པས་ངོ་སྤྲོད་ལྟར་ན། 2013ལོར་། རྫོང་ཡོངས་སུ་ལྔ་སྐྱོང་གནང་གྲས་སུ་ཚུད་པའི་ཁྱིམ་ཚང233གྱི་མི་གྲངས233ལ་ཆོག་མཆན་གནང་ཞིང་། དེའི་ནང་གཅིག་སྡུད་ཀྱི་གསོ་སྐྱོང་གནང་ཡུལ་ཁྱིམ་ཚང188དང་མི་གྲངས188ཡོད་པ་དང་། ཁ་འཐོར་དུ་གསོ་སྐྱོང་གནང་ཡུལ་གྱི་ལྔ་སྐྱོང་ཁྱིམ་ཚང45དང་མི་གྲངས45ཡོད། གཅིག་སྡུད་ཀྱིས་གསོ་སྐྱོང་བྱ་ཚད80%ཡན་ལ་སླེབས་ཡོད་ལ། ཁ་འཐོར་དུ་གསོ་སྐྱོང་གནང་པའི་ལྔ་སྐྱོང་རྒན་པོ་ཁ་ཤས་ཤིག་ཁོ་རང་སྡོད་པའི་གྲོང་ཚོའི་ཨུ་ལྷན་དང་གྲོང་མི་གཞན་ལ་འགན་བཀལ་ནས་ལྟ་སྐྱོང་གནང་གིན་ཡོད་ཅིང་། རྫོང་དམངས་སྲིད་སྡེ་ཁག་གིས་ལྔ་སྐྱོང་གནང་ཡུལ་གྱི་རེ་འདུན་དང་དོན་དངོས་གནས་ཚུལ་ལ་གཞིགས་ནས། གསོ་སྐྱོང་དངོས་ཟོག་དུས་ཚིགས་ལྟར་གནང་སྦྱིན་བཏང་ཏེ ། རྒྱ་ཆེ་བའི་ཞིང་འབྲོག་མ་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་དྲོད་ཁོལ་མྱོང་དུ་འཇུག་ཀྱིན་ཡོད་ཟེར།

གླ་དངུལ་ཁེ་པའི་བག་གཏོང་ཁང་པར་གསབ་དངུལ་སྤྲོད་པ་ལག་བསྟར་བྱས་ནས་། གྲོང་བརྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་ཁ་ཤས་ཀྱི་སྡོད་ཁང་གི་དཀའ་གནད་ཐག་གཅོད་བྱས་པ་དང་མཉམ་དུ། དཀའ་ཁག་ཆེ་བའི་ཚོགས་པ་འདི་དག་ལ་འཚོ་ཐབས་ཕྱུག་འགྱུར་གྱི་ཐབས་ལམ་བཙལ། ལྷ་ས་ཁྲེན་ཀོན་ཆུས་སྐྱིད་ཕུང་སྒང་དུ་རྨུ་རུ་སྡོད་ཁུལ་དུ་གཞིས་ཆགས་པའི་བྱམས་པ་སྒྲོལ་མས་ཟླ་རེར་སྲིད་གཞུང་གིས་གནང་པའི་གླ་དངུལ་ཁེ་པའི་བག་གཏོང་ཁང་པའི་གསབ་དངུལ་སྒོར255རག་དུས་དགའ་སྤྲོས་ཁེངས་འདུག མོས་བཤད་རྒྱུར། སྔོན་ཆད་གླ་བརྒྱབ་ནའང་སྒོར་སྟོང་ལ་ཉེ་བ་ལས་འཚོལ་མི་ཐུབ་ཅིང་། སྒོར་བརྒྱ་ཕྲག་དུ་མའི་ཁང་གླ་དང་འཚོ་བའི་འགྲོ་སོང་ཕུད་རྗེས་ཕལ་ཆེར་ལྷག་དངུལ་ཅི་ཡང་མི་འདུག དེང་སྐབས་ཏང་གི་སྲིད་ཇུས་བཟང་པོ་ལྡན་པས། ཁང་གླའི་མང་ཤོས་ཐག་གཅོད་ཐུབ་པ་མ་ཟད། སྲིད་གཞུང་གིས་ང་རང་སྡོད་དམངས་ཨུ་ལྷན་གྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་ལས་ཀ་སྒྲུབ་པར་རོགས་རམ་བྱས་པས། ཟླ་རེར་ཡོང་འབབ་སྒོར1200ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག