མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སུ་རྒྱལ་ནང་གི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག་ཁང་ཐོག་མ་བཙུགས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-02-08 10:48

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་གོའི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག་ཁང་ཐོག་མར་བཙུགས་ཤིང་། ཆེད་དུ་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་སྔོག་འདོན་དང་། མྱུར་སྐྱོབ། དག་སྒྲིག ལོ་ཙཱ་བཅས་ཀྱི་ལས་ཀ་བསྒྲུབ་རྒྱུ་རེད། ཟབ་དོན་རྒྱ་མཚོ་ལས་ཡངས་པའི་ནང་བསྟན་བསྟན་བཅོས་ཀྱི་ནང་དུ། འདི་ལྟ་བུའི་ལོ་ངོ་སྟོང་ཕྲག་དུ་མའི་སྔོན་ལ་དགེ་འདུན་པས་ལེགས་སྦྱར་སྐད་ཀྱིས་ཤིང་ཏ་ལའི་ལོ་མའི་སྟེང་དུ་ཆོས་བྲིས་པ་ནི་ཀུན་གྱིས་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་མཆོག་གིས་ཆོས་ཀྱི་སྙིང་བོ་བསྟན་པའི་དུས་དང་ཧ་ཅང་ཉེ་བའི་ཆེས་ཁྱད་དུ་འཕགས་པའི་ནང་བསྟན་བསྟན་བཅོས་ཤིག་ཏུ་འདོད་ཡོད།

བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་འགོ་གཙོ་གཞོན་པའམ་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག་ཁང་གི་འགོ་གཙོ་འབྲོང་བུ་ཚེ་རིང་རྡོ་རྗེ་ཡིས། ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག་ཁང་ནི་རྒྱལ་ནང་དུ་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ལ་ཆེད་དུ་ཞིབ་འཇུག་བྱེད་པའི་ལས་ཁུངས་ཐོག་མ་ཡིན། ཆོས་དཔེ་དེ་ནི་ལོ་ངོ་སྟོང་ཕྲག་དུ་མའི་དུས་དང་བར་སྟོང་བརྒལ་བའི་རྒྱུ་ཆ་རྩ་ཆེན་ཞིག་ཡིན་པས། ནང་བསྟན་དང་། བོད་ཀྱི་རིག་གནས། ནང་བསྟན་ལོ་རྒྱུས། ནང་བསྟན་རིས་འབྲི། གནའ་བོའི་རྒྱ་གར་གྱི་རིག་གནས་དང་། དུས་རབས་བར་མའི་རྒྱ་གར་གྱི་རིག་གནས་བར་གྱི་འབྲེལ་འདྲིས་ལོ་རྒྱུས་བཅས་ལ་ཞིབ་འཇུག་བྱེད་པར་རིན་ཐང་གཞལ་མེད་མཆིས་ཟེར།

བོད་ལྗོངས་ནི་ད་ལྟའི་འཛམ་གླིང་ཐོག་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཉར་ཚགས་བྱས་པ་ཆེས་མང་ཞིང་ཕུན་སུམ་ཚོགས་པའི་ས་གནས་ཤིག་ཡིན། ཆོས་དཔེ་ཁྲི་ཕྲག་དུ་མ་ཆོས་སྡེ་དང་། དངོས་མང་བཤམས་མཛོད་ཁང་། ཐ་ན་ཞིང་ཁྱིམ་བཅས་སུ་ཉར་ཚགས་བྱས་ཡོད་ན་ཡང་། རང་བྱུང་ཆ་རྐྱེན་གྱི་ཚད་བཀག་དང་ལོ་རྒྱུས་ཀྱི་ཆར་རླུང་གིས་རུལ་སྐྱོན་ཐེབས་ཡོད། ཤིང་ཏ་ལའི་ལོ་མའི་ཆོས་དཔེ་འབྱུང་ཁུངས་རྒྱ་གར་དང་བལ་བོ་ལ་ཆ་བཞག་ན། ཤུལ་ལུས་སུ་གྱུར་བའི་ཉར་ཚགས་ཧ་ལམ་མཐོང་དཀོན་པའི་གནས་སུ་གྱུར་ཡོད།

ཤིང་ཏ་ལའི་ལོ་མའི་ཆོས་དཔེ་སྲུང་སྐྱོབ་དང་ཞིབ་འཇུག་ལ་ཤུགས་སྣོན་ཕྱིར། 2006ལོ་ནས་བཟུང་། ཀྲུང་གོ་སྲིད་གཞུང་གིས་གཞི་ཁྱོན་ཆེ་བའི་ལེགས་སྦྱར་སྐད་ཀྱི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ལ་ཡོངས་བཤེར་གནང་ཞིང་། ད་ལྟའི་བར་བོད་ལྗོངས་ནས་ལོ་མ་ཁྲི6ལ་ཉེ་བ་འཚོལ་རྙེད་བྱུང་བ་དང་། དེར་ངོས་ཧ་ལམ་ཁྲི12ཡོད་པ་དང་། སྣ་རིགས1000ལྷག་ཉར་ཚགས་ཡོད་པ་བཅས་ལ་ཡོངས་བཤེར་ཐོབ། དེ་དག་ནི་སྤྱི་ལོ་དུས་རབས་བརྒྱད་པ་ནས་བཅུ་བཞི་བར་གྱི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཡིན་ཞིང་། མང་ཤོས་ནི་ལེགས་སྦྱར་སྐད་ཀྱིས་བྲིས་འདུག བོད་ཡིག་གི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ལ་མཚོན་ན་ཆེས་ཉུང་ཤོས་ཤིག་བོད་ལྗོངས་རྟེན་མཛོད་ཁང་དང་། ཕོ་བྲང་པོ་ཏ་ལ་སོགས་སུ་ཉར་ཡོད་པ་རེད། ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག་ཁང་གིས་ད་དུང་ཆེད་མཁས་པ་བོད་ལྗོངས་ཀྱི་ཞིང་འབྲོག་ས་ཁུལ་དུ་མངག་ནས་རྟོག་ཞིབ་གཏིང་ཟབ་གནང་ནས། དགོན་སྡེ་དང་མི་སེར་གྱི་ཁྱིམ་དུ་ཉར་པའི་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ལ་རྒྱུས་ལོན་མཐིལ་ཕྱིན་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད།

ཤིང་ཏ་ལའི་ལོ་མའི་ཆོས་དཔེ་ནི་ལེགས་སྦྱར་སྐད་གཙོ་བྱས་ནས་བྲིས་ཡོད་པས། ལེགས་སྦྱར་སྐད་ལ་བྱང་ཆུད་པའི་འཇོན་མི་འཛམ་གླིང་ཐོག་ཧ་ཅང་ཉུང་། དེར་བརྟེན་ཤིང་ཏ་ལའི་ལོ་མར་ཞིབ་འཇུག་གི་ལས་ལ་མཚོན་ན། རྩིས་འཁོར་ལ་སོགས་པའི་དེང་རབས་ཀྱི་ཡོ་ཆས་བེད་སྤྱོད་ཐབས་བྲལ་པ་དང་། ཡི་གེ་དང་ཚིག་གཅིག་གཅིག་གཉིས་ཀྱིས་ལོ་ཙཱ་བྱས་ནས་འགྲུབ་དགོས་པས། དཀའ་ཁག་ཧ་ཅང་ཆེ་བའི་ལས་གཞི་ཞིག་རེད་ཅེས་འབྲོང་བུ་ཚེ་རིང་རྡོ་རྗེ་ཡིས་དེ་ལྟར་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག