མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་གྱིས་ཁྱད་ལྡན་ཐོན་ལས་གོང་འཕེལ་ཤུགས་སྣོན་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-01-17 10:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཁྱད་ལྡན་ཐོན་ལས་ནི་ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་རྟེན་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་དང་། ལྷོ་ཁ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་འཆི་མེད་རིག་འཛིན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཉེ་བའི་ལོའི་ནང་ལྷོ་ཁ་ས་ཁུལ་གྱིས་ཐོན་ལས་ཆུ་ཚད་དང་པོའི་ཐོག་སླེབས་པ་དང་ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་གོང་འཕེལ་ཤུགས་ཆེ་གཏོང་བ་བཅས་ཀྱི་དཔལ་འབྱོར་གོང་འཕེལ་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་རྟེན་གཞིར་རྒྱབ་རྟེན་བྱེད་པ། ཁྲོམ་རས་ཁྲིད་ཕྱོགས་བྱེད་པ། ཚོང་རྟགས་ཀྱིས་གཙོ་གནད་བྱེད་པ། ཕན་འབྲས་ཀྱིས་ལྟེ་བ་བྱེད་པ་བཅས་བྱས་ནས་གྲུབ་ཆ་ལེགས་སྒྲིག་དང་ཁྱབ་ཚུལ་ལེགས་བསྒྱུར། རྒྱབ་སྐྱོར་ཤུགས་ཆེ། མཐུན་སྦྱོར་སྐུལ་སྤེལ་བཅས་བྱས་ཐོག་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་ཤུགས་ཆེ་རུ་བཏང་ཡོད་ཅེས་གསུངས་པ་རེད།

འཆི་མེད་རིག་འཛིན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། སྤྱི་ལོ2013ལོར་ལྷོ་ཁ་ས་ཁུལ་གྱིས་ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་དང་མཚོན་རྟགས། ཚོང་རྟགས་བཅས་སྐུལ་སྤེལ་གསུམ་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་ཏེ་སྤུས་ལེགས་ཀྱི་ནས་དང་ཞོག་ཁོག་དམར་པོ། བྱ་རིགས་གསོ་སྤེལ་བཅས་ཁྱད་ལྡན་ཐོན་ལས་གསུམ་གཏོད་ཡོད་པ་རེད། བོད་དབུས་ཁུལ་གྱི་ནུས་ཁུངས་རྟེན་གཞི་འཛུགས་སྐྲུན་ལ་གཞིགས་ཏེ་ཆུ་གློག་གོང་འཕེལ་ཤུགས་ཆེ་གཏོང་བ་དང་རླུང་ཤུགས་གསར་སྤེལ་བྱེད་ཤུགས་ཆེ་བཏང་བ། འོད་ཤུགས་གློག་འདོན་སྐུལ་སྤེལ་བཏང་བཅས་བྱས་ཡོད་པ་དང་། རིག་གནས་དང་ཡུལ་སྐོར། སྐྱེ་ཁམས་བཅས་མཉམ་འདྲེས་གོང་འཕེལ་ལ་མཐོང་ཆེན་བྱེད་པ་དང་རིག་གནས་ཡུལ་སྐོར་གྱི་མཚོན་རྟགས་སྐྱེ་བསྲིང་ཧུར་ཐག་བྱས་ཡོད་ཅིང་། ཡར་ཀླུང་རིག་གནས་དུས་ཆེན་དེ་ལྷོ་ཁའི་ཁྱད་ཆོས་ལྡན་པའི་གྲགས་ཅན་རིག་གནས་དུས་ཆེན་གྱི་མཚོན་རྟགས་སུ་གྱུར་ཡོད་པ་རེད།

འཆི་མེད་རིག་འཛིན་གྱིས་སྤྱི་ལོ2014ལོར་ལྷོ་ཁ་ས་ཁུལ་གྱིས་ཐོན་ལས་དང་པོའི་མཚོན་རྟགས་གཏོད་པ་དང་ཆུ་ཚད་ལ་སླེབས་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་རྒྱུ་ཡིན་པ་སྟེ། ཁྱད་ལྡན་ཞིང་འབྲོག་ལས་གོང་འཕེལ་བཏང་ནས། སྲོལ་རྒྱུན་ཞིང་འབྲོག་ལས་དེ་དེང་རབས་ཞིང་འབྲོག་ལས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་བོད་དབུས་ཁུལ་གྱི་ཁྱད་ལྡན་ཁྱད་འཕགས་ཐོན་ལས་རྟེན་གཞི་ཧུར་ཐག་གཏོད་པ། སྤུས་ལེགས་ནས་དང་ཞོག་ཁོག་དམར་པོ། བྱ་རིགས་གསོ་སྤེལ། འབྲོག་ལས་སོགས་ཀྱིས་གཙོ་གནད་བྱས་པའི་ཁྱད་ལྡན་ཞིང་འབྲོག་ལས་གོང་འཕེལ་ཤུགས་ཆེན་གཏོང་བ་དང་། ནུས་ཁུངས་ཐོན་ལས་དང་ཁྱད་ལྡན་གཏེར་ཐོན་ལས་རིགས་གོང་འཕེལ་ཤུགས་ཆེན་བཏང་ནས་བོད་དབུས་ཁུལ་གྱི་ནུས་ཁུངས་རྟེན་གཞི་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ། ཨར་སྐྲུན་རྒྱུ་ཆའི་ལས་རིགས་གོང་འཕེལ་ཤུགས་ཆེན་གཏོང་བ་དང་ཨར་སྐྲུན་ཚོགས་པ་ཧུར་ཐག་བཙུགས་ཏེ། བྱེ་རྡོའི་རྒྱུ་ཆ་དང་ཁྱད་ལྡན་རྡོ་གཤགས་ལས་སྣོན་གྱི་འཛུགས་སྐྲུན་རྒྱུ་ཆའི་ཐོན་ལས་གོང་འཕེལ་ལ་དམ་འཛིན་བྱེད་པ། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་གོང་འཕེལ་ཤུགས་ཆེ་གཏོང་བ་དང་བོད་སྨན་གྱི་གྲགས་ཅན་ཐོན་རྫས་སྐྱེ་བསྲིང་བྱས་ཏེ་བྲིན་འཚོང་གཞི་ཁྱོན་ཆེ་རུ་གཏོང་བ། མི་རིགས་ལག་ཤེས་བཟོ་ལས་སྟོབས་ཆེར་གཏོང་བ་དང་གཙོ་གནད་ཐོག་གཅིག་བསྡུས་དཔལ་འབྱོར་གོང་འཕེལ་བཏང་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་པ། ཁྱད་ལྡན་ཡུལ་སྐོར་ལས་རིགས་གོང་འཕེལ་ཤུགས་ཆེ་གཏོང་བ་དང་ཡར་ཀླུང་རིག་གནས་ཐོན་ལས་གཅིག་འདུས་ཁུལ་དང་བོད་མིའི་འབྱུང་ཁུངས་ཀྱི་རིག་གནས་ཡུལ་སྐོར་རྟེན་གཞི་གཏོད་རྒྱུར་དམིགས་ཏེ། ལོ་རྒྱུས་ཐོག་ཨང་དང་པོའི་རིག་གནས་ཐོན་ཁུངས་སྔོག་སྤེལ་གཏིང་ཟབ་བྱས་ནས་ཡར་ཀླུང་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བ་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་གོང་འཕེལ་གྱིས་ལྟེ་བ་བྱས་པའི་ཁྱད་ལྡན་ཡུལ་སྐོར་ལས་རིགས་ལ་སྐུལ་འདེད་བཏང་སྟེ། ཐོན་ལས་ཀྱི་གཞི་ཁྱོན་དང་ལས་ཀའི་སྤུས་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་རྒྱུན་སྲིང་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག