མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་སྤོ་བསྣུར་ཆོག་པའི་རིག་དངོས་ལ་ཡོངས་བཤེར་བྱས་ནས་ཚན་རིག་སྲུང་སྐྱོབ་ཀྱི་མ་ལག་འཛུགས་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-21 10:40

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་ཉར་ཚགས་བྱས་པའི་རིག་དངོས་ག་ཚོད་ཡོད་ཅེ་ན། མ་འོངས་བའི་ལོ3ནང་དུ་ལན་ཡང་དག་ཅིག་ཡོད་ངེས་ལ། ཚན་རིག་དོ་དམ་སྲུང་སྐྱོབ་མ་ལག་ཡང་འཛུགས་ངེས། སྤྱི་ཟླ11པའི་ཚེས18ཉིན་ལྷ་ས་ནས་བོད་ལྗོངས་ཀྱི་ས་གནས་རིག་དངོས་ལས་བྱེད་པར་ཐུན་མོང་ཐོག་ཟབ་སྦྱོང་གནང་ཞིང་། དེ་ནི་བོད་ལྗོངས་ཀྱི་སྤོ་བསྣུར་ཆོག་པའི་རིག་དངོས་ཡོངས་བཤེར་བྱ་བ་དེ་ལག་ལེན་དངོས་ལ་འཇུག་པ་མཚོན་ཡོད།

སྤོ་བསྣུར་ཆོག་པའི་རིག་དངོས་ནི་ཉར་ཚགས་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་དང་། ཉར་ཚགས་ཀྱི་རིན་ཐང་ཡོད་པའི་རིག་དངོས་ལ་ཟེར་ཞིང་། ཀྲུང་གོའི་རྒྱལ་ཁབ་རིག་དངོས་ཅུའུ་ཡིས2012ལོར་གཏན་ལ་ཕབ་ཅིང་། ལོ་དེ་ནས2016ལོའི་བར་དུ་རྒྱལ་ཁབ་ལ་དབང་བའི་སྤོ་བསྣུར་ཆོག་པའི་རིག་དངོས་ཀྱི་ཁ་གྲངས་དང་། ཁྱབ་ཁོངས། ཉར་ཚགས་བཅས་ཀྱི་གནས་སྟངས་དང་རྒྱལ་དབང་རིག་དངོས་ཉར་ཚགས་ལས་ཁུངས་ཀྱི་གནས་ཚུལ་སོགས་ལ་ཡོངས་བཤེར་སྡོམ་རྩིས་གནང་རྒྱུ་ཐག་བཅད་པ་རེད།

བོད་ལྗོངས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་དངོས་སྲུང་སྐྱོབ་བྱེད་གནས་གལ་ཆེན་ཞིག་ཡིན་ཞིང་། བོད་མི་རིགས་ཀྱི་རིག་གནས་གཙོ་བྱས་པའི་སྣ་མང་རིག་གནས་ལོ་ངོ་སྟོང་ཕྲག་དུ་མར་བསགས་པས། སྤོ་བསྣུར་ཆོག་པའི་རིག་དངོས་སྣ་མང་ཞིང་ནང་དོན་ཡང་ཕུན་སུམ་ཚོགས། བོད་རང་སྐྱོང་ལྗོངས་རིག་དངོས་ཅུའུ་ཡི་ཅུའུ་ཀྲང་བཟང་པོས་བཤད་རྒྱུར། བོད་ལྗོངས་ཀྱི་སྤོ་བསྣུར་ཆོག་པའི་རིག་དངོས་ནི་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཡར་བརྩོན་གྱི་ར་སྤྲོད་ཅིག་ཡིན་པས། ལོ་རྒྱུས་དང་སྒྱུ་རྩལ། ཚན་རིག་བཅས་ཀྱི་ཆ་ལ་རིན་ཐང་གཞལ་དུ་མེད་པ་ཡོད་ཟེར།

བཟང་པོས། དེ་སྔོན་བོད་ལྗོངས་ཀྱིས་ཡོངས་བཤེར་རྐང་འཛིན་གྱི་ཟབ་སྦྱོང་དང་། ཆེད་མཁས་པའི་ཤེས་རིག་མཛོད་འཛུགས་སྐྲུན། ཡོངས་བཤེར་ལས་ཁུངས་ཁག་གི་འབྲེལ་གཏུག་ལམ་ལུགས། དེ་མིན་ལས་ཀ་ཚད་ལྡན་དང་། ལག་རྩལ་ཚད་ལྡན་དུ་གཏོང་བ་ལ་སོགས་པའི་བྱ་བ་བསྒྲུབས་ནས། ས་གནས་ཁག་གི་ཡོངས་བཤེར་འཆར་ཇུས་སྒྲིག་བཟོ་གཏན་འབེབས་བྱས་ཚར་ཡོད་ཅེས་ངོ་སྤྲོད་བྱས།

ད་ཐེངས་ཡོངས་བཤེར་བྱེད་པའི་སྤོ་བསྣུར་ཆོག་པའི་རིག་དངོས་ནང་དུ1965ལོའི་སྔ་རོལ་གྱི་དུས་རབས་སོ་སོའི་སྒྱུ་རྩལ་དངོས་པོ་དང་། བཟོ་རྩལ་མཛེས་ཆས། ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་དང་། ལག་བྲིས་མ་རྩ་ཆེན་དང་དཔེ་དེབ་རྒྱུ་ཆ་སོགས་འདུས། གཞན་ཡང་ལོ་རྒྱུས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་དངོས་པོ་སྟེ། རྒྱལ་དབང་དངོས་མང་བཤམས་སྟོན་ཁང་དང་། དྲན་གསོ་ཁང་། འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་ཉར་ཚགས་ཐོ་འགོད་བྱས་ཡོད་པའི་རིག་དངོས་སོགས་དང་། ཚན་རིག་གི་རིན་ཐང་མངའ་བའི་གནའ་བོའི་སྒལ་ཚིགས་སྲོག་ཆགས་རིགས་ཀྱི་འགྱུར་རྡོ་དང་གནའ་བོའི་མིའི་རིགས་ཀྱི་འགྱུར་རྡོ་ལ་སོགས་ཀྱང་ཚུད་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་ཡོངས་བཤེར་ནི་གཞི་རྩིའི་དམིགས་ཚད་ཁག་གི་ནང་དོན་ལེགས་འགྲུབ་ཡོང་བའི་དུས་མཚུངས་སུ། པར་རིས་བརྙན་པར་གྱི་རྒྱུ་ཆ་བཟོས་ནས་དེང་རབས་ཆ་འཕྲིན་ལག་རྩལ་འཛུགས་སྐྲུན་དང་། སྤོ་བསྣུར་ཆོག་པའི་རིག་དངོས་ཆ་འཕྲིན་འཐུས་ཚང་དུ་གཏོང་བའི་དོ་དམ་སྟེགས་བུ་བསྐྲུན་པར་རྨང་གཞི་འདིང་བ་རེད།

བཟང་པོས། སྤོ་བསྣུར་ཆོག་པའི་རིག་དངོས་ཡོངས་བཤེར་གྱི་བྱ་བ་སྒྲུབ་པ་ལས་བོད་ལྗོངས་ཀྱི་རིག་དངོས་ཐོན་ཁུངས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་ཐུབ་པ་དང་། དེ་དག་གི་རིན་ཐང་ལ་ཡང་དག་པའི་དཔྱད་འཇོག་གནང་ཐུབ། དེ་བཞིན་དུ་ཚན་རིག་གི་རིག་དངོས་དོ་དམ་ལམ་ལུགས་དང་སྲུང་སྐྱོབ་མ་ལག་འཛུགས་བསྐྲུན་གྱིས་རིག་དངོས་ཐོན་ཁུངས་བསྡུ་སྒྲིག་བེད་སྤྱོད་ལ་སྐུལ་འདེད་གཏོང་ཐུབ་པ་མ་ཟད། སྤྱི་བའི་རིག་གནས་ཀྱི་ཞབས་ཞུའི་ནང་དོན་ཡང་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་ཞེས་བཤད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག