མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུའི་གློག་ཤུགས་འཛུགས་སྐྲུན་དང་ཞིང་སྡེའི་གློག་དྲ་རིམ་འཕར་བསྒྱུར་བཀོད་ཀྱིས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་ཁེ་བསྐྲུན།

རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-11-16 21:22

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ༡༠པའི་ཟླ་དཀྱིལ་དུ། རྩོམ་པ་པོ་ནག་ཆུ་ས་ཁུལ་གྱི་གློག་མེད་ས་ཆའི་གློག་ཤུགས་འཛུགས་སྐྲུན་དང་ཞིང་སྡེའི་གློག་དྲའི་རིམ་འཕར་བསྒྱུར་བཀོད་ལས་གཞིའི་འཛུགས་སྐྲུན་གྱི་ལས་ཡུལ་དངོས་ལ་སླེབས་ནས། དཔལ་མགོན་རྫོང་དང་སྦྲ་ཆེན་རྫོང་བཅས་ས་ཁུལ་གྱི་ལས་བྱེད་མི་སྣ་དང་། ཞིང་འབྲོག་མང་ཚོགས། ལས་རྐང་དང་པོ་ན་ལས་ཀ་བྱེད་ཀྱིན་པའི་མི་སྣ་བཅས་ལ་བཅར་འདྲི་བྱས་པ་བརྒྱུད། ཐག་ཉེ་པའི་སྒོ་ནས་བྲེལ་ཟིང་ཆེ་བའི་ལས་གཞི་འཛུགས་བསྐྲུན་གྱི་ལས་ཡུལ་དངོས་དང་ལས་གཞི་འཛུགས་སྐྲུན་གྱིས་ས་གནས་དེ་གའི་དཔལ་འབྱོར་སྤྱི་ཚོགས་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་ཐོན་པའི་འགྱུར་ལྡོག་ལ་རྒྱུས་ལོན་བྱས།

    འབྲོག་པར་གློག་ཡོད་ཚེ་རེ་བ་ཡོད།

    འོ་ལས་ལས་སྣོན་ནི་ནག་ཆུ་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་རེད། དེ་ཡང་དཔལ་མགོན་རྫོང་ཕུར་བུ་གྲོང་རྡལ་གེ་སེར་སྡོད་དམངས་ཨུ་ལྷན་མཉམ་ལས་ཁང་གི་འབྲི་མོ་གསོ་སྤེལ་ཚོགས་པའི་འོ་ལས་ལས་སྣོན་ནི་དཔེ་མཚོན་ཅན་ཞིག་ཡིན་ཏེ། ལོ་ན༥༢ལོན་པའི་དགྲ་ལྷས་བཤད་རྒྱུར། “འོ་ལས་ལས་སྣོན་ཐད་སྔོན་ཆད་ཉི་འོད་གློག་ནུས་དང་ཁྲེའུ་ཡིའུ་སྣུམ་གྱིས་གློག་འདོན་ཐབས་སྤྱོད་ཀྱིན་ཡོད་མོད། དེས་འོ་ལས་ལས་སྣོན་གྱི་སྤུས་ཚད་ལ་ཁག་ཐེག་བྱེད་མི་ཐུབ་པ་མ་ཟད་མ་རྩའང་མཐོན་པོ་ཡོད་པ་རེད། ང་ཚོས་གནས་འདིར་གློག་བཏང་པ་ནས་བཟུང་། འོ་ལས་ལས་སྣོན་གྱི་ཐོན་ཚད་ཆེ་རུ་ཕྱིན་པ་མ་ཟད་མ་རྩའང་ཇེ་དམའ་རུ་སོང་པས། དེང་སྐབས་ཉིན་རེའི་ཡོང་འབབ་སྒོར༡༠༠༠ལྷག་ཡོད”ཅེས་ཟེར།

    གེ་སེར་སྡོད་དམངས་ཨུ་ལྷན་མཉམ་ལས་ཁང་གིས་འོ་ལས་ལས་སྣོན་ཡོང་འབབ་ཇེ་མཐོར་ཕྱིན་རྗེས། ཧུར་ཐག་གིས་དཔལ་འབྱོར་ཡོང་སྒོ་ཇེ་མཐོར་འགྲོ་བའི་ཐབས་ལམ་གསར་པ་གསར་གཏོད་བྱས། དགྲ་ལྷས་བཤད་རྒྱུར། “ད་ལྟ་མ་དངུལ་སྒོར་ཁྲི༣༠ལྷག་བཏང་ནས། རང་གི་འཁྱགས་ཁང་བཟོས་ནས་སྐམ་ལུག་གི་ཤ་ལ་ལས་སྣོན་བྱེད་འགོ་བརྩམས་ཤིང་། མཉམ་ལས་ཁང་གིས་གཞན་ད་དུང་ཁང་པ་གྱན་བཞི་ཅན་གྱི་ཚད་ལྡན་སྣེ་ལེན་ཁང་ཆུང་ངུ་ཞིག་ཀྱང་བཙུགས་ཡོད་ལ། བརྙན་འཕྲིན་དང་། འཁྱགས་སྒམ་བཅས་ཆ་ཚང་ཡོད། ཡོང་འབབ་ཇེ་མཐོར་སོང་པ་དང་བསྟུན་སྡེ་མིའི་འཚོ་བའང་ཉིན་རེ་ན་ཉིན་རེར་ཇེ་ལེགས་རེད”ཟེར།

    དཔལ་མགོན་རྫོང་གི་རྫོང་དཔོན་གཞོན་པ་ལི་ཀྲིང་པེན་གྱིས་བཤད་རྒྱུར།“ཁྱོད་ཚོས་ད་ལྟ་བཏུང་པ་དེ་ནི་ང་ཚོའི་རྫོང་རང་ས་ནས་ཐོན་སྐྱེད་བྱས་པའི‘ཅུང་བུའུ་རང་བྱུང་རྫ་ཆུའི’ སྣོད་བླུགས་ཆུ་རེད། སྔོན་ཆད་གློག་དྲའི་གློག་མེད་པས། ལྩགས་ཟོ་ཆེན་པོའི་ཆུ་བཟོ་རྒྱུ་ལས་སྣོད་བླུགས་ཆུ་བཟོ་ཐབས་མེད། དེང་སྐབས་སྣོད་བླུགས་ཆུ་ཡོད་པ་མ་ཟད། མི་འགྱངས་བར་དམ་བུའི་ཆུའང་ཡོད་ངེས། ང་ཚོས་འདི་ལྟར་རང་བྱུང་ཐོན་ཁུངས་ལེགས་པོའི་སྒོ་ནས་བཀོལ་སྤྱོད་བྱེད་ཀྱིན་ཡོད་པ་མ་ཟད། དཔལ་འབྱོར་གྱི་ཡོང་སྒོ་ཡང་ཇེ་མཐོར་འགྲོ་གིན་ཡོད”ཅེས་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག