མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་སའི་རིག་གནས་ཀྱི་མཚོན་རྟགས་ཏེ་བར་སྐོར་ཚོང་ཁྲོམ་གྱི་རྣམ་པ་གསར་པས་མགྲོན་པོ་བསུས་པ།

རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-11-16 21:22

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་སའི་གྲོང་ཁུལ་རྙིང་པའི་སྡོད་དམངས་ཨ་མ་རྒན་མོ་ཚེ་རིང་བདེ་སྐྱིད་ཀྱིས་ཉིན་གཅིག་གི་ཚོང་བའི་ལས་བྲེལ་མཇུག་རྫོགས་ནས་དགོང་ཟས་ཟས་རྗེས། གྱང་ངོས་ནས་ལི་ཐོ་བླངས་ཏེ་ཟླ༡༡པའི་ཚེས༨ཉིན་གྱི་ཤོག་ངོས་སློག ཉིན་དེ་ནི། མི་འགྱངས་པའི་སྔོན་དུ་འཛུགས་སྐྲུན་ལེགས་གྲུབ་བྱུང་པའི་བར་སྐོར་ཚོང་གྲོང་སྒོ་འབྱེད་པའི་ཉིན་མོ་ཡིན་ལ། དེའི་སྔོན་གྱི་ཉིན་གཅིག་རིང་། ལྷ་སའི་གྲོང་ཁུལ་རྙིང་པའི་ཚོང་སྟེགས་དག་བར་སྐོར་ཚོང་གྲོང་དུ་གནས་སྤར་བ་རེད།

    ཚོང་སྟེགས་གནས་སྤོར་གྱི་ཁྱབ་ཁོངས་ནི་ལྷ་སའི་གྲོང་ཁུལ་རྙིང་པའི་བར་སྐོར་དང་། སྐྱིད་རི། རྗེ་འབུམ་སྒང་གསུམ་གྱི་སྲང་ལམ་དོན་གཅོད་ཁང་བཅས་ཡིན་ལ། ཁྱོན་བསྡོམས་སྡོད་དམངས་ཨུ་ལྷན༡༢ལ་ཁྱབ་ཡོད་པ་རེད། ཚོང་སྟེགས་དེ་དག་བར་སྐོར་ཚོང་གྲོང་དུ་སྤར་ཏེ་ཚོང་གཉེར་ཚེ། གྲང་རླུང་དང་ཚ་གདུང་གི་ཉི་མར་གཏན་ནས་ཁ་གྱེས་པ་མ་ཟད། གྲོང་ཁུལ་རྙིང་པའི་སྲང་ལམ་ཡང་ཤར་སྐྱོད་ཐུབ། ལྷ་སའི་གྲོང་ཁུལ་རྙིང་པའི་ཚོང་སྟེགས་དེ་དག་གནས་སྤོར་པ་གླེང་དུས་ཟླ་འགའི་སྔོན་ལེགས་གྲུབ་བྱུང་པའི་གྲོང་ཁུལ་རྙིང་པའི་སྲུང་སྐྱོབ་ལས་གཞི་དེ་མི་གླེང་གི་མེད་རེད་ལ། ལྷ་སའི་གྲོང་ཁུལ་རྙིང་པའི་སྲུང་སྐྱོབ་ལས་གཞི་གླེང་དུས་ཀྱང་། གྲོང་ཁུལ་རྙིང་པའི་ལོ་རྒྱུས་དང་རིག་གནས་མི་གླེང་རང་གླེང་རེད།

    བར་སྐོར། ལྷ་སའི་རིག་གནས་ཀྱི་མཚོན་རྟགས།

    དུས་རབས་འདིའི་དུས་འགོར་ལྷ་སར་འོངས་པའི་མི་ཞིག་ཡིན་ན་སྣང་ཚུལ་འདི་འདྲ་ཞིག་ཡིད་ནས་བརྗིད་ཐབས་མེད་དེ། རྙོག་འཛིང་འུར་ཟིང་ཆེ་བའི་ལྷ་སའི་སྲང་ལམ་དུ་འགྲུལ་སྐྱེལ་རླངས་འཁོར་དག་གིས་ཡུལ་སྐོར་པར་ཁ་ཕྱོགས་ནས།“ལྷ་ས། ལྷ་ས། ལྷ་ས”ཞེས་སྐད་འབོད་རྒྱག་པ་དང་། ནང་ཁུལ་གྱི་གནས་ཚུལ་མི་རྟོགས་པའི་མི་ཞིག་ཡིན་ཚེ། ཅི་ཡིན་ཆ་མི་འཚལ་བར་གྱུར་ནས“གནས་འདི་ནི་ལྷ་ས་མིན་ནམ” ཞེས་ཀྱང་འདོད་སྲིད། དོན་དངོས་སུ། སྐབས་དེ་དུས། ལྷ་སའི་མིའི་སེམས་ནང་གི་ལྷ་ས་ནི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ༡.༣༣ཅན་གྱི་གྲོང་ཁུལ་རྙིང་པ་གཅིག་པུ་ཙམ་ལ་གོ་བཞིན་ཡོད།

    ལོ་རྒྱུས་ཀྱི་རྒྱུན་ཤེས་ཅུང་ཙམ་ལྡན་པའི་མི་ཞིག་ཡིན་ཚེ། ལྷ་སའི་གྲོང་ནི་ཐོག་མར་རྒྱ་བཟའ་ཀོང་ཇོས་ར་མ་དཀར་མོ་ས་བཀལ་ཏེ་མཚོ་བསྲུབས་པའི་སྟེང་གཙུག་ལག་ཁང་བཞེངས་པ་དེ་ཡིན་ཞིང་། དེའི་རྗེས་ཀྱི་ལོ་ངོ༡༣༠༠རིང་། མཆོད་མཇལ་པ་དང་། ཚོང་པ་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་གཙུག་ལག་ཁང་གི་ཉེ་འཁོར་དུ་འདུས་པ་དང་། མཐའ་མར་བར་སྐོར་ལྟེ་བར་བྱས་པའི་ཁྲོམ་སྲང་ཆུང་པ་དང་། ཚོང་ཁང་། མི་ཚོགས་ཀྱི་འཚང་ཁ་རྒྱག་པའི་གྲོང་ཁུལ་རྙིང་པ་འདི་གྲུབ་པ་རེད། སྔོན་ཆད་ལྷ་སའི་གྲོང་ཁུལ་རྙིང་པ་ནི་ བོད་ལྗོངས་ཀྱི་ཚོང་ཟོག་ཉོ་ཚོང་ལྟེ་གནས་ཡིན། དེང་སྐབས་སྔར་བཞིན་བོད་བརྒྱུད་ནང་བསྟན་དང་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ལྟེ་བར་གྱུར་ཡོད།

    གྲོང་ཁུལ་རྙིང་པའི་བརྩེ་དུང་གླེང་དུས་སུ། གྲོང་ཁུལ་རྙིང་པར་ཚོང་ཁང་གཉིས་ཡོད་པའི་ཚོང་བ་ཨ་ཐར་ལ་སྐད་ཆ་མང་པོ་བཤད་རྒྱུ་ཡོད་དེ། ཁོས་བྱང་ཆ་མེད་པའི་རྒྱ་སྐད་ཀྱིས་གསར་འགོད་པར་ ལོ་ངོ༣༠ཡར་སྔོན་དུ། ཁོ་རང་ཕ་མ་དང་མཉམ་དུ་ཆབ་མདོ་ས་ཁུལ་གོ་འཇོ་རྫོང་ནས་ལྷ་སར་སླེབས་པ་ཡིན། དེའི་རྗེས་ནས་བཟུང་ལྷ་སའི་གྲོང་ཁུལ་རྙིང་པ་དང་ཁ་བྲལ་མ་མྱོང་། ཁོས་ཚོང་བཤམས་པ་ནས་འགོ་བརྩམས་ཏེ་གོམ་པ་རེ་རེ་བཞིན་སྤོས་ནས་རབ་གསལ་སྡོད་ཁུལ་དུ་མིང་དུ་གྲགས་པའི་ཚོང་དཔོན་ཆེན་མོར་གྱུར་བ་ཡིན་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག