མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2025ལོར་སླེབས་དུས་ལྷ་ས་གྲོང་ཁྱེར་རང་རྒྱལ་ནུབ་རྒྱུད་ཀྱི་མཐོ་སྒང་སྐྱེ་ཁམས་ལེགས་པའི་གྲོང་ཁྱེར་ཐོག་མ་རུ་འགྱུར་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།  2013-11-13 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས29ཉིན་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིན་གྱིས་བོད་ལྗོངས་ཀྱི་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོའི་མིང་བཏགས་མིང་ཐོ་ཁག་གསུམ་པ་བཟོས་ནས་དྲ་ཚུགས་སུ་ཁྱབ་བསྒྲགས་བྱས་ཡོད་ལ་དེའི་ཁྲོད་དུ་ལྷ་ས་གྲོང་ཁྱེར་གྱི་སྟག་རྩེ་་རྫོང་། མལ་གྲོ་གུང་དཀར་རྫོང་། ཆུ་ཤུར་རྫོང་། སྙེ་མོ་རྫོང་བཅས་སྲིད་འཛིན་གྲོང་ཚོ8ལ་མིང་བཏགས་ཐོབ་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན་ད་ལོའི་ཟླ1པོར་རྒྱལ་ཁབ་ཁོར་སྲུང་པུའུ་ཡི་བླང་བྱ་ལྟར་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་དུས་ཚོད་ནི2025ལོར་གཏན་འཁེལ་བྱས་ཤིང་། ད་ལྟ་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་གྲོང་ཁྱེར་འཛུགས་སྐྲུན་ཐད་ལ་གྲ་སྒྲིག་ཧུར་ཐག་བྱེད་ཀྱི་ཡོད། ཁ་སང་གསར་འགོད་པས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་གྲོང་ཁྱེར་ཇི་ལྟར་བསྐྲུན་པའི་སྐོར་ནས་ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱི་ཅུས་ཀྲང་བདེ་སྐྱིད་གཡང་འཛོམས་ལ་བཅར་འདྲི་བྱས།

རྒྱལ་ཁབ་རིམ་པའི་སྐྱེ་ཁམས་གྲོང་ཁྱེར་བསྐྲུན་ཚེ་ཆ་རྐྱེན་གང་དག་ཚང་དགོས་སམ།འཛུགས་སྐྲུན་དམིགས་ཚད་གང་དག་ཡོད་དམ།

རྒྱལ་ཁབ་རིམ་པའི་སྐྱེ་ཁམས་གྲོང་ཁྱེར་བསྐྲུན་དགོས་ཚེ་ངེས་པར་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ་དང་ཤང་། རྫོང་བཅས་བསྐྲུན་རྗེས་ད་གཟོད་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤང་དང་རྫོང་། གྲོང་ཁྱེར་བཅས་ཀྱི་ཡིག་ཞུ་བྱས་ཆོག་པ་མ་ཟད་གྲོང་ཚོ་དང་ཤང་། རྫོང་། གྲོང་ཁྱེར་བཅས་རིམ་པ་བཞི་གོ་རིམ་ལྟར་ཡིག་ཞུ་བྱེད་དུས་འཛུགས་སྐྲུན་བླང་བྱ་ངེས་པར80%ལ་སླེབས་དགོས། དེ་དང་ཆབས་ཅིག་སྐྱེ་ཁམས་གྲོང་ཚོ་དང་ཤང་། རྫོང་བཅས་ཀྱི་འཛུགས་སྐྲུན་ལ་ངེས་པར་རྒྱལ་ཁབ་ཀྱི་མིང་བཏགས་ཐོབ་ཚེ་ད་གཟོད་གཏན་འཁེལ་བྱས་ཆོག གཞན་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་གྲོང་ཁྱེར་ལ་ད་དུང་དམིགས་ཚད་གལ་ཆེན་ཞིག་ཡོད་པ་ནི་ལྟེ་བའི་གྲོང་ཁྱེར་དེ་ལྷ་ས་གྲོང་ཁྱེར་ངེས་པར་རྒྱལ་ཁབ་ཁོར་སྲུང་དཔེ་སྟོན་གྲོང་ཁྱེར་གྱི་དཔྱད་ཞིབ་ཚད་གཞིར་སླེབས་དགོས་པ་མ་ཟད་མིང་བཏགས་ཐོབ་དགོས།

རྒྱལ་ཁབ་རིམ་པའི་སྐྱེ་ཁམས་གྲོང་ཁྱེར་བསྐྲུན་རྒྱུ་ནི་རྩ་བའི་ཆ་རྐྱེན་དང་འཛུགས་སྐྲུན་དམིགས་ཚད་གཉིས་སུ་ཁྱབ་ཡོད་པ་དང་། དེའི་ཁྲོད་དུ་འཛུགས་སྐྲུན་དམིགས་ཚད་ཁྲོད་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་སྲུང་། སྤྱི་ཚོགས་ཡར་ཐོན་བཅས་མ་ལག་གསུམ་སྟེ་དཔལ་འབྱོར་དང་། སྤྱི་ཚོགས། མི་འབོར། ཐོན་ཁུངས། ཁོར་ཡུག་བཅས་རྒྱུན་བསྲིང་འཕེལ་རྒྱས་ཆེ་གྲས་ལྔ་ཡི་འཕེལ་རྒྱས་གྲུབ་ཆའི་དམིགས་ཚད་ཚུད་ཡོད་ལ་ནང་དོན19ཡོད་པ་རེད།

ད་ལྟ་ལྷ་ས་གྲོང་ཁྱེར་ནི་རྫོང་ཁག་ལ་སྒེར་ཚུགས་ཀྱི་ཁོར་སྲུང་སྡེ་ཁག་ཡོད་པ་དང་། མཁའ་དབུགས་སྤུས་ཀ་རྒྱུན་བསྲིང་ནི་རྒྱལ་ཡོངས་ཀྱི་སྔོན་ཐོན་གྲས་སུ་ཡོད་པ་བཅས་རྩ་བའི་ཆ་རྐྱེན་ཁག་ལྔའི་དམིགས་ཚད་ལ་སླེབས་ཡོད་པ་དང་། རྒྱལ་ཁབ་ཁོར་སྲུང་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་ཡང་མཐའ་མའི་གདོང་མཆོང་དུས་མཚམས་ལ་སླེབས་ཡོད། འོན་ཀྱང་འཛུགས་སྐྲུན་དམིགས་ཚད་ཐད་ལྟོས་འཇོག་གིས་དཀའ་ཁག་ཅུང་ཡོད་དེ་སྲིད་འཛིན་གྲོང་ཚོ་ཁ་ཤས་ཀྱིས་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོར་ཡིག་ཞུ་བྱེད་པའི་ཕྱོགས་ནས་དཀའ་ཁག་ཡོད་པ་རེད།

རྗེས་ཕྱོགས་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་གྲོང་ཁྱེར་གྱི་འཛུགས་ལས་དོན་ཕྱོགས་གང་དག་ནས་སྤེལ་རྒྱུ་རེད་དམ།

ང་ཚོས་ལས་དོན་ཕྱོགས་བཞི་ནས་སྤེལ་རྒྱུ་ཡིན་སྟེ། གཅིག་ནི་རྫོང་ཁག་གིས་སྐྱེ་ཁམས་འཛུགས་སྐྲུན་ལས་དོན་ལས་ཀའི་གྲོས་རིམ་དུ་བཞག་ནས་ཆེད་བཙུགས་སྐྱེ་ཁམས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་འཛུགས་རྒྱུ་ཡིན་པ། གཉིས་ནི་སྐྱེ་ཁམས་གྲོང་ཚོ་དང་ཤང་། རྫོང་བཅས་འཛུགས་སྐྲུན་བྱེད་པའི་འགན་འཁུར་འདི་ཉིད་ལོ་འཁོར་གྱི་དམིགས་ཚད་འགན་འཁུར་དཔྱད་ཞིབ་ཁྲོད་འཇོག་རྒྱུ་ཡིན་པ། གསུམ་ནི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་རྫོང་ཁག་གི་ཞིང་གྲོང་གི་ཁོར་ཡུག་ཕྱོགས་བསྡུས་གཙང་བཅོས་རོགས་སྐྱོར་མ་དངུལ་དང་། སྐྱེ་ཁམས་འཛུགས་སྐྲུན་རྣམ་གྲངས་གཞན་དག་གི་མ་དངུལ། བོད་སྐྱོར་མ་དངུལ་སོགས་སྐྱེ་ཁམས་འཛུགས་སྐྲུན་ཁྲོད་གཏོང་བ། བཞི་ནི་གཟབ་ནན་གྱིས་དུས་མཚུངས་གསུམ་གྱི་ལམ་ལུགས་ལག་བསྟར་བྱེད་པ། ཁོར་ཡུག་ལ་འབག་བཙོག་བཟོས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་དུས་ལྟར་ཐག་གཅོད་ནན་མོ་བྱེད་པ། དེ་ལས་གཞན་ང་ཚོས་ད་དུང་ཁྱབ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་འཛུགས་སྐྲུན་ནི་དམངས་ཡོངས་ཞུགས་པའི་ལས་དོན་དུ་གྱུར་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་ལ་སྐུལ་འདེད་བྱ་རྒྱུ་ཡིན།

རྒྱལ་ཁབ་རིམ་པའི་སྐྱེ་ཁམས་གྲོང་ཁྱེར་འཛུགས་སྐྲུན་བྱས་ཚེ་ལྷ་ས་གྲོང་ཁྱེར་ལ་འགྱུར་ལྡོག་ཅི་འདྲ་ཞིག་འབྱུང་རྒྱུ་ཡིན་ནམ།

སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་ནི་དམངས་འཚོའི་ལས་གྲྭ་ཞིག་ཡིན། འཛུགས་སྐྲུན་བྱས་རྗེས་ལྷ་སའི་སྐྱེ་ཁམས་ཁོར་ཡུག་ནི་ལྗང་མདོག་དང་དྭངས་གཙང་། མཛེས་སྡུག་བཅས་ཀྱི་རྒྱུན་བསྲིང་གི་སྐྱེ་ཁམས་མ་ལག་གི་ཕྱོགས་སུ་འགྱུར་རྒྱུ་ཡིན་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱང་ཁོར་ཡུག་ལེགས་པ། ཐོན་ཁུངས་ནུས་ལྡན། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་སྐྱེ་ཁམས་རིག་གནས་སུ་འགྱུར་རྒྱུ་ཡིན་པ་དང་། སྔར་བས་ལུགས་མཐུན་གྱིས་ལྷ་སའི་གྲོང་ཁྱེར་གྱི་ཁོར་ཡུག་ལ་སྲུང་སྐྱོབ་ཐུབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མིའི་ཁོར་ཡུག་སྤུས་ཀ་ལེགས་སུ་འགྱུར་བ་བཅས་བྱུང་ནས་སྐབས་དེ་དུས་ཀྱི་ལྷ་ས་ནི་རང་རྒྱལ་ནུབ་རྒྱུད་ཀྱི་མི་དང་རང་བྱུང་ཁམས་འཆམ་མཐུན་གྱི་ས་མཐོའི་སྐྱེ་ཁམས་ལེགས་པའི་གྲོང་ཁྱེར་ཐོག་མ་རུ་གྱུར་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག