མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སང་ལོར་བོད་ལྗོངས་ཀྱིས“གཙང་གཉིས་ཆུ་བཞིའི”འབབ་རྒྱུད་དུ་ནགས་བསྐྲུན་ལྗང་འགྱུར་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-11-12 10:52

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི“གཙང་གཉིས་ཆུ་བཞིའི”འབབ་རྒྱུད་ཀྱི་ནགས་བསྐྲུན་ལྗང་འགྱུར་ལས་གཞི་འཆར་འགོད་སྒྲིག་བཟོ་ལས་དོན་ཚོགས་ཆུང་ནས་རྒྱུས་ལོན་པ་ལྟར་ན། 2014ལོར་བོད་ལྗོངས་ཀྱིས“གཙང་གཉིས་ཆུ་བཞི”འབབ་རྒྱུད་ཀྱི་ནགས་བསྐྲུན་ལྗང་འགྱུར་ལས་གཞི་དེ་ཐོག་མར་ཡར་ཀླུང་གཙང་བོའི་བྱང་ངོགས་ཀྱི་རྣམ་གླིང་རྫོང་ཨེ་མ་ཤང་ནས་ལས་འགོ་བརྩམ་རྒྱུ་རེད།

མིག་སྔར་བོད་ལྗོངས་ཀྱིས“གཙང་གཉིས་ཆུ་བཞིའི”འབབ་རྒྱུད་ཀྱི་ནགས་བསྐྲུན་ལྗང་འགྱུར་ལས་གཞི་འཆར་འགོད་སྒྲིག་བཟོ་ལས་དོན་ཕྱོགས་ཡོངས་ནས་ལས་འགོ་བརྩམས། ལྗང་འགྱུར་ལས་གཞི་ནང་དུ་ཡར་ཀླུང་གཙང་བོ་དང་། རྒྱལ་མོ་རྔལ་ཆུ། ལྷ་སའི་གཙང་བོ། ཉང་ཆུ། ཉག་ཆུ། སེང་གེ་ཁ་འབབ་བཅས་འབབ་རྒྱུད་ཀྱི་ནགས་བསྐྲུན་ལྗང་འགྱུར་ཚུད་པ་དང་། ལས་གཞིའི་འཆར་འགོད་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར300གཏོང་རྒྱུ་དང་། 2014ལོ་ནས2030ལོའི་བར་འཛུགས་སྐྲུན་བྱེད་རྒྱུ་རེད། ལས་གཞི་དེ་ནི་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་ཆུ་བོ་དང་གཙང་བོ་འབབ་རྒྱུད་ཀྱི་ནགས་བསྐྲུན་ཆ་རྐྱེན་ལྡན་པའི་ས་དག་ཏུ་ཁྱབ་ཡོད་ཅིང་། དེས་བཞུར་རྒྱུད་དེ་དག་གི་ཆུ་རྩ་གསོ་འཁྱོངས་དང་། རླུང་འགོག་བྱེ་མཁྲེགས། ས་ཆུ་སྲུང་འཛིན་ནུས་པ། མཛེས་པའི་བོད་ལྗོངས་འཛུགས་སྐྲུན། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ།

རྣམ་གླིང་རྫོང་ཨེ་མ་ཤང་ནི་ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་ཆགས་པ་དང་། ས་ཁོད་སྙོམ་ཞིང་བདེ་བས་བོད་རང་སྐྱོང་ལྗོངས“གཙང་གཅིག་ཆུ་གཉིས”དབུས་རྒྱུད་ཀྱི་ཕྱོགས་བསྡུས་གསར་སྤེལ་འཆར་འགོད་ཀྱི་གསར་སྤེལ་གལ་ཆེན10ནང་གི་གཅིག་ཡིན།1991ལོ་ནས་བཟུང་ཨེ་མའི་ཕྱོགས་བསྡུས་གསར་སྤེལ་ལས་གཞི་ལག་བསྟར་བྱས་པའི་ཚུན་ལ། ཁུལ་དེའི་མངའ་ཁུངས་ཀྱི་འབྲུ་རིགས་དང་། ནགས་ཚལ། རྩི་ཤིང་། སྔོ་ཚད་སོགས་འདེབས་འཛུགས་ལ་རྒྱུན་ཆད་མེད་པར་ཡར་རྒྱས་བྱུང་བ་དང་། དེའི་ནང་དུ་ཨེ་མ་ཤང་གི་ཞོག་ཁོག་ལ་མཚན་སྙན་ལྡན། “གཙང་གཉིས་ཆུ་བཞིའི”བརྒྱུད་ཀྱི་ནགས་བསྐྲུན་ལྗང་འགྱུར་ལས་གཞི་དེ་ཐོག་མར་ཨེ་མ་ཤང་ནས་ལག་བསྟར་བྱེད་རྒྱུ་ཡིན་པས། དུས་དེར་ཤང་དེ་ལྗོངས་ཡོངས་ཀྱི་ཀུན་ཕན་གྱི་དཔེ་སྟོན་བྱེད་ས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག