མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བར་སྐོར་གྱི་ཚོང་བཤམས་ས་༣༠༠༠ལྷག་བར་སྐོར་ཚོང་གྲོང་དུ་གནས་སྤོས་པ་དང་། ལོ་བརྒྱད་ལ་གླ་དངུལ་སྤྲོད་མི་དགོས།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།  2013-11-10 22:17

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས༦ཉིན་གྱི་སྔ་དྲོར། ལྷ་སའི་གྲོང་ཁུལ་རྙིང་བར་ཡོད་པའི་ཚོང་བཤམས་སའི་ཚོང་བདག་རྣམས་ཀྱིས་རྒྱན་འཕངས་ནས་གནས་སྤོ་བའི་མཛད་སྒོ་བར་སྐོར་ཚོང་གྲོང་ནས་སྤེལ། ལྷ་ས་གྲོང་ཁྱེར་གྱི་ཉི་ཟེར་གཞུང་དཔང་ཁང་གི་རིམ་པ་གསུམ་པའི་གཞུང་དཔང་བ་དག་གནས་སྤོ་བའི་བརྒྱུད་རིམ་ཡོངས་ལ་ཞུགས།

    སྲིད་ཇུས།

    ད་ལོའི་ཟླ༡༡པའི་ཚེས༨ཉིན་ནས་༢༠༢༡ལོའི་ཟླ༡༢པའི་ཚེས༣༡ཉིན་བར་དུ། བར་སྐོར་ཚོང་གྲོང་གི་ཚོང་བཤམས་སའི་ཚོང་བདག་རྣམས་ཀྱིས་ཚོང་བཤམས་སའི་གླ་བའི་གླ་དངུལ་སྤྲོད་མི་དགོས་པའི་རོགས་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་ཐུབ། ཚོང་གྲོང་དུ་གནས་སྤོ་བ་ནི་ཕྱོགས་གཅིག་ནས་བར་སྐོར་ལམ་སྔར་བས་གྲལ་དག་ཅིང་ཁོད་ཡངས་ཆེད་དང་། ཕྱོགས་གཞན་ནི་གྲོང་ཁུལ་རྙིང་པའི་མི་གྲངས་ཀྱི་ཁུར་བོ་ཇེ་ཡངས་སུ་བཏང་ནས་དེ་གའི་སྡོད་དམངས་ཀྱི་འཚོ་བ་སྟབས་བདེ་ཡོང་ཆེད་བཅས་ཡིན། གྲོང་ཁུལ་རྙིང་བའི་རྣམ་པ་ཡག་པོར་བསྒྱུར་ཚེ། བར་སྐོར་ལམ་དེར་ཡོད་པའི་སྲོལ་རྒྱུན་གྱི་རིག་གནས་ཤུལ་བཞག་ཕུལ་དུ་བྱུང་བ་དག་ལ་སྔར་བས་སྲུང་སྐྱོབ་ལེགས་པོ་བྱེད་ཐུབ།

    གནས་སྐབས་སུ་གནས་སྤོ་བའི་གཡུ་ཐོག་ལམ་གྱི་ཚོང་པ་༣༠༠༠ལྷག་ཉིན་འདི་གར་བྲེལ་བྲེལ་ཟིང་ཟིང་གིས་ཁོམ་ལོང་མི་འདུག་ལ། རྒྱན་འཕེན་པ་དང་། ཚོང་ཟོག་སྒྲིག་འཇུག་ལ་སོགས་ཚ་ཚ་འུར་འུར་གྱི་གནས་སྤོ་བའི་ལས་ལ་བྲེལ། ཁ་སང་གསར་འགོད་པར་བར་སྐོར་ཚོང་གྲོང་དུ་འབྱོར་དུས། ཚོང་པ་མང་པོས་དཀར་གཙང་གི་ཁ་བཏགས་རང་ཉིད་ཀྱིས་རྒྱན་བླངས་པའི་ཚོང་བཤམས་སར་བཀལ་ཏེ་རྟེན་འབྲེལ་གྱི་མདུན་བསུས།

    ལྷ་སའི་གྲོང་ཁུལ་རྙིང་བ་སྲུང་སྐྱོབ་ལས་གཞིའི་རྣམ་གྲངས་ཆ་ཤས་ཤིག་ཡིན་པའི་ཆ་ནས། བར་སྐོར་ཚོང་གྲོང་དེ་ནི་པེ་ཅིང་ཤར་ལམ་དང་གླིང་སྐོར་ཤར་ལམ་གྱི་བཞི་འདུས་ལམ་གྱི་ཉེ་སར་ཡོད། ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཚོང་རྫས་བྲིན་ཚོང་དང་། འཁོར་རྒྱུག ངོམ་སྟོན་གཙོར་བཟུང་ཡོད་པ་དང་། ཞོར་དུ་ཚོང་རྫས་ཆུང་ངུ་དང་། མི་རིགས་ཁྱད་ལྡན་བཟའ་བཏུང་སོགས་བསྒྲིགས་ནས་བྱེད་ནུས་གཅིག་འདུས་ཀྱི་ཡུལ་སྐོར་ཕྱོགས་བསྡུས་རང་བཞིན་གྱི་ཚོང་ར་ཆེན་པོ་ཞིག་ཡིན་ལ། ཕྱིས་འབྱུང་ཡུལ་སྐོར་སྐུ་མགྲོན་གྱིས་ཉོ་ཚོང་རྒྱག་ས་ཞིག་ཏུ་བསྒྱུར་ངེས།

    ངོ་སྤྲོད་ལྟར་ན། ཁྲེང་ཀོན་ཆུས་སྲིད་གཞུང་གིས་ད་ལོའི་ཟླ༡༡པའི་ཚེས༨ཉིན་ནས་༢༠༢༡ལོའི་ཟླ༡༢པའི་ཚེས༣༡ཉིན་བར་གྱི་ལོ་བརྒྱད་ནང་དུ། ཚོང་བདག་གིས་གླ་ཡོན་སྤྲོད་མི་དགོས་པའི་རོགས་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་དུ་འཇུག་རྒྱུ་ཡིན་ལ། ཚོང་བདག་རྣམས་ཀྱི་ཁེ་ཕན་ལ་གནོད་པ་མི་ཡོང་བར་ཁག་ཐེག་དང་། དམངས་ལ་ཕན་པའི་རྩ་དོན་གཞིར་བཟུང་ཐོག 《ཁྲེང་ཀོན་ཆུས་གྲོང་ཁུལ་རྙིང་བའི་ཚོང་བཤམས་ས་གནས་སྤོ་བའི་ལས་ཀ་ལག་བསྟར་བྱ་བའི་འཆར་ཇུས》དང་《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་བའི་ཚོང་བཤམས་ས་གནས་སྤོ་བའི་ཡར་སྐུལ་བྱེད་ཐབས》བཅས་གཏན་འབེབས་བྱས། 《བྱེད་ཐབས》ནང་དུ། གྲོང་ཁུལ་རྙིང་བའི་ཚོང་བཤམས་སར་གནས་སྤོས་རྗེས་སུ། རོགས་སྐྱོར་དུས་རིམ་དང་། བརྒྱུད་པའི་དུས་རིམ། རྒྱུན་ལྡན་གྱི་དུས་རིམ་བཅས་གསུམ་དུ་ཕྱེ་ཡོད་ལ། དུས་རིམ་གསུམ་པོ་དེའི་ནང་དུ་ཚོང་བདག་གིས་གཟིགས་སྐྱོང་སྲིད་ཇུས་མི་འདྲ་བ་ལོངས་སུ་སྤྱོད་ཐུབ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག