མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཨོ་སི་ཁྲུ་ལི་ཡའི་ཀྲུང་གོའི་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡིས་འཆམ་མཐུན་བོད་ལྗོངས་ཀྱིས་ང་རང་ཕུགས་འདུན་གྱི་ཞིང་སར་ཁྲིད་ཅེས་བརྗོད།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   2013-10-20 10:15


ཨོ་སི་ཁྲུ་ལི་ཡའི་ཀྲུང་གོའི་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལི་ཧུང་།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མུ་མེད་མཁའ་དབྱིངས་སྔོན་མོས་ཡོངས་སུ་ཁེབས་པའི་ས་ཆེན་གྱི་སྟེང་དུ། བརྗིད་ཀྱང་རྔམ་པའི་གངས་ཀྱི་རི་བོ་དག་གིས། སྤང་ལྗོངས་སྔོན་མོ་ནས་རྩྭ་ཆུར་རོལ་བཞིན་པའི་སྒོ་ཕྱུག་དག་ལ་གཟིགས་ནས་འདུག་ལ། མཐོ་སྒང་གི་མངོན་གསལ་ཁྱད་ཆོས་ལྡན་པའི་རྣམ་པ་དེ་ཨོ་སི་ཁྲུ་ལི་ཡའི་ཞི་ཉི་ཀང་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་གསོན་ཉམས་ལྡན་པའི་ངང་འགྲེམ་སྟོན་བྱས་འདུག ཀྲུང་གོའི་བུད་མེད་ཅིག་གིས་ཞི་ཉི་ཀང་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ཀྱི་པར་རིས་རེ་རེར་ཞིབ་ཏུ་གཟིགས་མོ་གནང་། ཁོ་མོ་ནི་ཨོ་སི་ཁྲུ་ལི་ཡའི་ཀྲུང་གོའི་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལི་ཧུང་ཡིན་པ་རེད།

ལོ་གཅིག་གི་རྗེས་སུ་ཁོ་མོ་བོད་ལྗོངས་སུ་སླེབས་ནས། སྔོན་མར་མིག་ལམ་དུ་འཆར་མྱོང་བའི་པར་རིས་རེ་རེའི་སྣང་བརྙན་དངོས་སུ་མཐོང་བ་རེད།

ཁོ་མོས། འཆམ་མཐུན་ཡིད་འོང་གི་བོད་ལྗོངས་ཞེས་པའི་མཛེས་རྩལ་འགྲན་བསྡུར་གྱི་བརྩམས་ཆོས་འགྲེམ་སྟོན་ཨོ་སི་ཁྲུ་ལི་ཡ་ནས་ལེགས་འགྲུབ་ངང་སྤེལ་ཐུབ་པ་བྱུང་། དུས་སྐབས་དེར་ང་རང་དང་གྲོགས་པོ་ཚོ་མཉམ་དུ་འགྲེམ་སྟོན་ལ་ཞུགས་པ་ཡིན། ཁོ་ཚོ་ཨོ་སི་ཁྲུ་ལི་ཡའི་མི་མང་པོར་ངོ་མཚར་ཆེན་པོ་སྐྱེས་འདུག ཁོ་ཚོས་བཤད་རྒྱུར། བོད་ལྗོངས་དངོས་གནས་སྐྱིད་པོ་འདུག པར་རིས་ཁྲོད་ལས་མངོན་པའི་རྒྱན་གོས་དང་ཡུལ་སྲོལ་གོམས་གཤིས་སོགས་ཡིད་འགུག་ཆེན་པོ་ལྡན། དངོས་གནས་ས་གནས་དེར་འགྲོ་ན་འདོད་ཅེས་བཤད། དུས་སྐབས་དེར་ང་ཚོས་གླེང་མོ་ཙམ་བྱས་པ་ཡིན་འདོད་ཀྱང་། ལོ་གཅིག་གི་རྗེས་སུ་ང་རང་དངོས་སུ་ས་གནས་དེར་འགྲིམ་པའི་གོ་སྐབས་བྱུང་སོང་ཞེས་བཤད།

2013ལོའི་ཟླ་བ་བརྒྱད་པར། ལི་ཧུང་ཀྲུང་གོའི་རིག་གནས་ཏེ་མིང་གྲངས་ཆེ་བའི་ཡིག་གཟུགས་མཛེས་རྩལ་པ་བོད་ལྗོངས་སུ་སྐྱོད་པ་ཞེས་པའི་བྱ་འགུལ་དུ་ཞུགས་ནས། འཛམ་གླིང་ས་ཁུལ་སོ་སོ་ནས་ཕེབས་པའི་ཡིག་གཟུགས་རི་མོ་སྒྱུ་རྩལ་པ་དང་མཉམ་དུ་གཞིས་ཀ་རྩེ་དང་ཉིང་ཁྲི་སོགས་ས་ཁུལ་དུ་ཕྱིན་པ་རེད།

ལི་ཧུང་གིས། དུས་སྐབས་དེར་འཆམ་མཐུན་ཡིད་འོང་གི་བོད་ལྗོངས་ལ་གཟིགས་རྗེས་སུ་ང་རང་ལ་བོད་ལྗོངས་སུ་སྐྱོད་པའི་འདོད་པ་བྱུང་། འོན་ཀྱང་བོད་ལྗོངས་ཀྱི་ས་བབ་མཐོ་ལ། མཁའ་དབུགས་དང་ཁོར་ཡུག་སོགས་ལའང་ང་རང་བསམ་བློ་གཏོང་དགོས་པ་རེད། དེའི་སྟབས་ཀྱིས་ངས་ཉིན་རེ་བཞིན་ལུས་པོ་སྦྱངས་བརྡར་བྱས་ནས་གྲྭ་སྒྲིག་སྣ་ཚོགས་བྱས་པ་ཡིན། བྱ་འགུལ་དེ་སྤེལ་རྩིས་ཡོད་པ་ཐོས་རྗེས། ང་རང་སྤྲོ་སྣང་ཆེན་པོ་སྐྱེས་བྱུང་། ལི་ཧུང་ལ་མཚོན་ན་འཆམ་མཐུན་ཡིད་འོང་གི་བོད་ལྗོངས་ཀྱིས་འཇུགས་སྣང་སྣ་ཚོགས་མེད་པར་བཟོས་པ་ཡིན་ལ། འགྲེམ་སྟོན་དེ་ཡིས་ཁོ་མོ་དྭགས་ཞིང་དེར་ཁྲིད་པའང་ཡིན་པ་རེད།

ལོ་ངོ་30ཡར་སྔོན་དུ། ལི་ཧུང་ཀྲུང་དབྱང་མཛེས་རྩལ་སློབ་གླིང་པར་རིས་སྡེ་ཁག་ནས་མཐར་ཕྱིན་པ་རེད། སློབ་གྲྭ་འགྲིམ་པའི་སྐབས་སུ་དགེ་རྒན་དང་མཉམ་དུ་མཚོ་སྔོན་དུ་སྐྱོད་ནས་རི་མོ་འབྲི་མྱོང་ཡོད། དེའང་ཁོ་མོ་བོད་རིགས་དང་ལས་འབྲེལ་བྱུང་བའི་ཐོག་མ་ཡིན། ཁོ་མོས། ས་གནས་དེར་ཧ་ཅང་དགའ་ཞེན་ཆེ། དུས་སྐབས་དེར་ཡ་མཚན་ཆེན་པོ་སྐྱེས་བྱུང་། གནམ་ས་འབྲེལ་བའི་རྣམ་པ་དེ་ཧ་ཅང་ངོ་མཚར་བ་ཞིག་རེད། རྒྱུ་རྐྱེན་གང་འདྲ་ཞིག་གིས་ཁོ་ཚོ་མདོ་དབུས་མཐོ་སྒང་ནས་འཚོ་བ་རོལ་ཐུབ་དུ་བཅུག་པ་ཡིན་ནམ། ཞེས་སེམས་གཏིང་དུ་དྲི་བ་དེ་བཅངས་ནས་བོད་རིགས་འབྲོག་པའི་སྤྲ་ཁྱིམ་དང་སྒོ་ཕྱུགས་འཚོ་གནས་བྱེད་པའི་ས་ཁུལ་ཕྱིན་པ་རེད། ལི་ཧུང་གིས་ཡིད་འགུལ་ཆེན་པོས་ངས་ད་དུང་དྲིས་ལན་དེ་འཚོལ་ཞིབ་བྱེད་བཞིན་ཡོད་ཅེས་བཤད།

ལོ་ངོ30ཡར་སྔོན་དུ་སློབ་མཐར་ཕྱིན་སྐབས། ཁོ་མོས་གསར་རྩོམ་བྱས་པའི་བརྩམས་ཆོས་ནི་བོད་ཀྱི་དམངས་གླུ་ཡིན་པ་རེད། གླུ་དབྱངས་ལ་བརྟེན་ནས་ཁོ་མོའི་འཚོལ་སྙིག་བྱེད་པའི་བརྒྱུད་རིམ་ཕྱིར་མངོན་བྱས་ཡོད། ང་རང་བོད་ཀྱི་དམངས་གླུ་ལ་སྤྲོ་བ་ཆེན་པོ་ལྡན། ད་དུང་བརྩེ་གླུ་འགའ་རེ་ཡོད་པ་དང་། དུས་སྐབས་དེར་དམངས་གླུ་མང་པོ་བསྡུ་སྒྲིག་བྱས་པ་ཡིན། དེའི་སྟེང་དུ་ང་ཚོ་མཚོ་སྔོན་དུ་སྐྱོད་སྐབས་སུ་བྲིས་པའི་རི་མོ་བསྣན་ནས། ངས་བོད་ཁུལ་གྱི་གནམ་སའི་བར་གྱི་རོལ་མོ་དང་པར་རིས་ཀྱི་མཛེས་སྡུག་ཕྱིར་མངོན་བྱེད་ན་འདོད། དུས་སྐབས་དེར་ཁོ་མོས་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རྩོམ་རིགས་སྐོར་གྱི་ལས་དོན་ཀྱང་སྒྲུབ་མྱོང་། དམངས་གླུ་ཡིས་བརྩེ་དུང་དང་དྲན་གདུང་ཙམ་མཚོན་པ་ཁོ་ན་མ་ཡིན་པར། ད་དུང་དེའི་ནང་དུ་རིག་གནས་སྣ་མང་འདུས་ཡོད་པ་རེད། ད་ལྟ་ཁོ་མོས་བརྩམས་ཆོས་དག་མ་ཡུམ་སློབ་གྲྭས་སློབ་དེབ་ཏུ་འདེམས་ཡོད་པ་རེད།

སྤྱི་ལོ 1987 ལོར། ལི་ཧུང་མེས་རྒྱལ་དང་ཁ་བྲལ་ནས་ཨོ་སི་ཁྲུ་ལི་ཡ་གླིང་དུ་ཕྱིན། མེས་རྒྱལ་དང་ཁ་བྲལ་བའི་ལོ་འདི་དག་རིང་དུ། སླར་ཡང་དམངས་གླུ་དེ་དག་ལ་ཉན་ཚེ། སེམས་གཏིང་གི་འཇིག་རྟེན་དང་བར་ཐག་ཇེ་ཉེར་འགྱུར། གླུ་དབྱངས་ཁྲོད་ཀྱི་བརྩེ་དུང་ནི་ང་རང་དང་འདྲ་བོ་འདུག མེས་རྒྱལ་དང་བར་ཐག་ཇེ་རིང་གྱུར་ནའང་། འོན་ཀྱང་ལམ་བར་ནས་ངས་དུས་རྒྱུན་དུ་དྲིས་ལན་དེ་འཚོལ་བཞིན་ཡོད།

2013 ལོར། ལི་ཧུང་སླར་ཡང་གནས་འདིར་ཕེབས་ནས་དྲིས་ལན་འཚོལ་བ་རེད། ངས་རེ་བར་ཐེངས་འདིའི་འགྲུལ་སྐྱོད་བརྒྱུད་ནས་བོད་ལྗོངས་དང་འབྲེལ་བའི་དཔེ་དེབ་འཚོལ་ཐུབ་པ་དང་། བོད་ལྗོངས་ཀྱི་འགྲུལ་སྐྱོད་དེ་བརྒྱུད་ནས་རོལ་དབྱངས་མི་མཛེས་པ་འཚོལ་ནས། བོད་ལྗོངས་ཀྱི་རིག་གནས་སྔར་ལས་མང་པོ་འཁྱེར་འདོད་ཡོད། ཐེངས་འདིའི་ཀྲུང་གོ་བ་བོད་ལྗོངས་སུ་སྐྱོད་པར་ཞུགས་པ་ཡིན། འདི་འདྲའི་སྒྱུ་རྩལ་པ་བོད་ལྗོངས་སུ་ཕྱིན་ནས་བརྩམས་ཆོས་འཁྱེར་དེ་འགྲེམ་སྟོན་བྱེད་པའི་ཐབས་ལམ་དེ་ཧ་ཅང་ལེགས་པོ་འདུག སྔར་ལས་དོན་དངོས་དང་མཐུན་པའི་ངང་བོད་ལྗོངས་ཕྱིར་མངོན་བྱེད་ཐུབ། ངས་བསམ་ན་མི་མང་པོ་ཞིག་གིས་ཀྱང་དགའ་བསུ་ཐོབ་པ་རེད་ཅེས་བཤད།

སྐབས་གཉིས་པའི་འཆམ་མཐུན་ཡིད་འོང་གི་བོད་ལྗོངས་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་པེ་ཅིན་ནས་མཇུག་རྫོགས་པའི་གནས་ཚུལ་ཐོས་རྗེས་ཁོ་མོས། དེ་འདྲའི་བོད་ལྗོངས་ཀྱི་རིག་གནས་འགྲེམ་སྟོན་ཆེན་མོ་ནི་ཧ་ཅང་གལ་ཆེན་རེད། བོད་ལྗོངས་ཀྱི་ས་བབ་དང་གནམ་གཤིས་སོགས་རྒྱུ་རྐྱེན་གྱིས་དབང་གིས། མི་མང་པོ་ཞིག་གིས་བོད་ལྗོངས་ལ་རྒྱུས་ལོན་མེད་པ་རེད། ཚང་མས་ཚགས་པར་དང་ངག་ཐོག་བརྒྱུད་ནས་བོད་ལྗོངས་ལ་རྒྱུས་ལོན་བྱེད་པ་ཡིས་མི་འདང་བ་རེད། འོན་ཀྱང་འཆམ་མཐུན་ཡིད་འོང་གིས་བོད་ལྗོངས་ངོ་སྤྲོད་ཕུན་སུམ་ཚོགས་པ་བྱས་འདུག་ཅེས་བཤད།

ལི་ཧུང་གིས། འཆམ་མཐུན་ཡིད་འོང་གི་བོད་ལྗོངས་ཞི་ཉི་ནས་འགྲེམ་སྟོན་བྱས་པ་ཧ་ཅང་གཟི་བརྗིད་ལྡན། གལ་སྲིད་པར་རིས་ཀྱི་རྣམ་པ་སྔར་ལས་མང་བ་དང་ཕྱི་རྒྱལ་གྱི་མིང་གྲགས་ཆེ་བའི་རི་མོ་བ་གདན་ཞུ་བྱས་པ་སྔར་ལས་མང་ན། པར་རིས་འགྲེམ་སྟོན་གྱི་ནང་དོན་ཀྱང་སྔར་ལས་ཕུན་སུམ་ཚོགས་པ་རེད་ཅེས་བཤད། ཁོ་མོས་རེ་བར་འཆམ་མཐུན་ཡིད་འོང་གི་བོད་ལྗོངས་སྔར་ལས་མང་བའི་རྒྱལ་ཁབ་ནས་འགྲེམ་སྟོན་བྱེད་ཐུབ་པ་དང་། སྔར་ལས་ལེགས་འགྲུབ་ཡོང་བའི་རེ་བ་ཡོད་ཅེས་བཤད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག