མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

《ནག་ཆུའི་དམངས་ཁྲོད་རིག་གནས་དཔེ་ཚོམ》དང《བྱང་ཐང་རྩོམ་རིག་གཅེས་བསྡུས》ཀྱི་ལེགས་སྒྲིག་བྱ་བ་འགོ་བརྩམས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་་ཚགས་པར།  2013-09-25 09:51

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱི་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། 《ནག་ཆུའི་དམངས་ཁྲོད་རིག་གནས་དཔེ་ཚོམ》གྱི་འཚོལ་སྡུད་ལེགས་སྒྲིག་དང《བྱང་ཐང་རྩོམ་རིག་གཅིས་བསྡུས》ཀྱི་གཅེས་བསྒྲིགས་བྱ་བ་སྤེལ་འགོ་བརྩམས་ཤིང་མིག་སྔར་བྱ་བའི་འཕེལ་རིམ་བདེ་བླག་ཡིན།

རྒྱུས་ལོན་པ་ལྟར་ན། 《ནག་ཆུའི་དམངས་ཁྲོད་རིག་གནས་དཔེ་ཚོམ》ཁྲོད་དམངས་གླུ་དང་། གཏམ་དཔེ། གབ་ཚིག གེ་སར་གྱི་སྒྲུང་། ངག་རྒྱུན་གཏམ་རྒྱུད། རྩོལ་ལས་གླུ་གཞས། བོད་བྱང་ཐང་གི་དམངས་སྲོལ་སོགས་འདུས་ཡོད་དེ། ནག་ཆུ་ས་ཁུལ་གྱི་དམངས་ཁྲོད་རིག་གནས་ལ་ཕྱོགས་ཡོངས་ནས་འཚོལ་སྡུད་དང་ལེགས་སྒྲིག་བྱས་ཡོད། 《བྱང་ཐང་རྩོམ་རིག་གཅིས་བསྡུས》ནང《བྱང་ཐང》ཞེས་པའི་དུས་དེབ་པར་སྐྲུན་བྱས་ནས་ལོ་སུམ་ཅུ་འགོར་བའི་རིང་ལ་བཀོད་པའི་བརྩམས་སྒྲུང་དང་། ལྷུག་རྩོམ། སྙན་ངག་ཧྲག་འདེམས་བྱས་ཡོད་ལ། དེ་ལས་ནག་ཆུ་ས་ཁུལ་གྱིས་རིག་རྩལ་བརྩམས་ཆོས་གསར་རྩོམ་བྱ་བར་དགའ་འོས་པའི་གྲུབ་འབྲས་བླངས་ཡོད་པ་མཚོན་ཐུབ། དམངས་ཁྲོད་རིག་གནས་དང་དང་རིག་རྩལ་བརྩམས་ཆོས་ཀྱི་གཅེས་བསྒྲིགས་དང་ལེགས་སྒྲིག་བྱ་བ་ལེགས་པར་བསྒྲུབ་ཆེད། ནག་ཆུ་ས་ཁུལ་གྱི་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ཚོགས་པས་རྩོམ་རིག་དང་དམངས་སྲོལ་སྐོར་གྱི་ཆེད་མཁས་པ་གདན་དྲངས་ཏེ་བྱ་བར་ཞུགས་པས་མིག་སྔར་ལས་དོན་སོ་སོ་བདེ་བླག་ངང་སྤེལ་བཞིན་ཡོད།

ནག་ཆུ་ས་ཁུལ་རིག་གནས་ཅུའུ་ཡི་ཅུའུ་ཀྲང་ཚེ་རིང་ལུང་འཕེལ་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ལོ་སུམ་ཅུའི་རིང་ལ། ནག་ཆུ་ས་ཁུལ་ལ་སྔ་གཞུག་ཏུ་འཇམ་དབྱངས་ཤེས་རབ་དང་། བསྟན་པ་ཡར་རྒྱས། སྐར་མ་མགོན་སྐྱབས་སོགས་མིང་གྲགས་ལྡན་པའི་ས་གནས་དེའི་རྩོམ་པ་པོ་སྐོར་ཞིག་འཁྲུངས་ཤིང་བརྩམས་ཆོས་ཕུལ་བྱུང་གང་མང་བརྩམས། དེ་དང་ཆབས་ཅིག་ནག་ཆུ་ནི་དམངས་ཁྲོད་རིག་གནས་ཧ་ཅང་ཕུན་སུམ་ཚོགས་པའི་ས་ཁུལ་ཞིག་ཡིན་པས། མྱུར་བ་མྱུར་ཏུ་ས་དེའི་གའི་རིག་གནས་འཚོལ་སྡུད་ལེགས་སྒྲིག་བྱས་ཏེ་མི་རབས་རྗེས་མར་གཟུགས་འདུས་ཤུལ་བཞག་རིག་གནས་ཡིག་ཆ་རྩ་ཆེན་གསོག་འཇོག་བྱེད་རྒྱུའི་བྱ་བ་ནི་ཧ་ཅང་གལ་ཆེན་ཞིག་ཡིན།《ནག་ཆུའི་དམངས་ཁྲོད་རིག་གནས་དཔེ་ཚོམ》གྱི་ལེགས་སྒྲིག་བྱ་བ་ནི་རིག་གནས་ལས་དོན་གལ་ཆེན་ཞིག་ཡིན་པས། བོད་བྱང་ཐང་གི་དམངས་ཁྲོད་རིག་གནས་རྒྱུད་འཛིན་དང་དལ་སྤེལ་གཏོང་བ་དང་། བོད་བྱང་ཐང་གི་རིག་གནས་བརྩམས་ཆོས་ཕུལ་བྱུང་ལྗོངས་ཕྱི་ནང་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་བ། དེ་མིན་མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན། དེ་བས་ནག་ཆུ་ས་ཁུལ་རིག་གནས་ཅུའུ་ཡིས་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས་ནན་ཏན་ངང་ལས་དོན་འདི་ལེགས་པར་སྒྲུབ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག