མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཝང་ཀྲིན་ཝའེ་ཡིས་བོད་ལྗོངས་ནས་བརྟག་དཔྱད་ཞིབ་འཇུག་གནང་།

  ཡོང་ཁུངས། བོད་ལྗོངས་ཆ་འཕྲིན་ལྟེ་གནས།  2013-08-23 10:37

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས11ཉིན་ནས་ཚེས16ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཝང་ཀྲིན་ཝའེ་ཡིས་ཉིང་ཁྲི་ས་ཁུལ་དང་ལྷ་ས་གྲོང་ཁྱེར་ནས་རྣམ་པ་གསར་བའི་འོག་གི་མི་རིགས་ལས་དོན་ཐད་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད། ཁོང་གིས་ནན་ཏུ་བསྟན་དོན། ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོར་བྱེད་དགོས་ཚེ། གནད་འགག་གཙོ་བོ་ནི་རྣམ་རྒྱུན་དམ་འཛིན་བྱེད་དགོས་པ་དང་། སེམས་དང་སེམས་འབྲེལ་བ་གནད་འགག་ནང་གི་གནད་འགག་ཡིན་ལ། མི་སེམས་དང་མཐུན་པའི་ལས་དོན་གང་མང་སྒྲུབ་དགོས་ནས། རྒྱུན་ཆད་མེད་པར་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། བོད་ལྗོངས་ཀྱིས་རྒྱལ་ཡོངས་དང་དུས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་ནུས་ཤུགས་འདོན་དགོས་ཞེས་གསུངས་པ་རེད།

བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུ་ཧྲུའུ་ཅི་ཁྲིན་ཆན་ཀའོ་དང་། རང་སྐྱོང་ལྗོངས་ཏང་ཨུ་ཧྲུའུ་ཅི་གཞོན་པའམ། རང་སྐྱོང་ལྗོངས་མི་དམངས་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་པདྨ་འཕྲིན་ལས། རང་སྐྱོང་ལྗོངས་ཏང་ཨུ་ཧྲུའུ་ཅི་གཞོན་པའམ། རང་སྐྱོང་ལྗོངས་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཀྲུའུ་ཞི་ཏུན་ཞའོ་ཀང་། རང་སྐྱོང་ལྗོངས་ཏང་ཨུ་རྒྱུན་ཨུ། ལྗོངས་སྲིད་གྲོས་ཏང་ཨུ་ཚོ་ཆུང་གི་ཧྲུའུ་ཅིའམ། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས། རང་སྐྱོང་ལྗོངས་ཏང་ཨུ་རྒྱུན་ཨུ། ལྷ་ས་གྲོང་ཁྱེར་ཏང་ཨུ་ཧྲུའུ་ཅི་ཆོས་གྲགས་ལགས། རང་སྐྱོང་ལྗོངས་ཏང་ཨུ་རྒྱུན་ཨུ། རང་སྐྱོང་ལྗོངས་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏེན་དབྱི་ཞན། རང་སྐྱོང་ལྗོངས་ཏང་ཨུ་རྒྱུན་ཨུའམ། དྲུང་ཡིག་ཆེན་མོ་ཝང་རེས་ལེན་སོགས་ཀྱིས་མཉམ་དུ་རྟོག་ཞིབ་དང་སྙན་ཞུ་ཚོགས་འདུར་ཞུགས་པ་རེད།

ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར། ཝང་ཀྲུན་ཝའེ་གནམ་གྲུ་ནས་བབས་རྗེས། ཉིང་ཁྲི་ས་ཁུལ་གྱི་དགོན་སྡེ་ཆེས་ཆེ་བ་བླ་མ་གླིང་དགོན་པར་ཕེབས་ནས་གྲྭ་བཙུན་དང་དགོན་སྡེར་སྡོད་པའི་ལས་བྱེད་པར་ལྟ་སྐོར་གནང་བ་དང་། དགོན་སྡེའི་དོ་དམ་ལས་དོན་ལ་རྟོག་ཞིབ་ཟབ་མོ་གནང་བ་རེད།

ལས་སྒྲུབ་མི་སྣས་ངོ་སྤྲོད་བྱ་རྒྱུར། རང་སྐྱོང་ལྗོངས་ཏང་ཨུའམ། སྲིད་གཞུང་གིས་དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་ནས། གཅིག་དྲུག་བྱ་འགུལ་སྤེལ་བ་དང་། དགོན་སྡེར་དགུ་འཛོམས་སྐུལ་འདེད། གཅིག་ཁེབས་ལག་བསྟར། གསར་འཛུགས་གཅིག་ཇེ་ཟབ། སློབ་གསོ་གཅིག་ཤུགས་ཆེར། ལས་གཞི་དམ་འཛིན་བཅས་བྱས་ཏེ། བཙུན་པའི་སྒྲུབ་སྦྱོང་ཆ་རྐྱེན་ལེགས་བསྒྱུར་ཆེན་པོ་བྱས་ཏེ། དད་ལྡན་མང་ཚོགས་དང་ཆོས་ལུགས་སྡེ་ཁག་གི་མི་སྣའི་ཆོས་ལུགས་དད་མོས་རང་དབང་ལ་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད། ཝང་ཀྲིན་ཝའེ་ཡིས་དགོན་སྡེར་སྡོད་པའི་ལས་བྱེད་པར་གོམ་གང་མདུན་སྤོས་ངང་ཞབས་ཞུ་དང་དོ་དམ་ལས་དོན་ལེགས་པོ་གཉེར་ནས། བཙུན་པ་རྣམས་དང་མཉམ་དུ་དགོན་སྡེ་འཛུགས་སྐྲུན་སྔར་ལས་འཆམ་མཐུན་བརྟན་བརླིང་ཡོང་བ་བྱེད་དགོས་ཞེས་བསྟན་པ་རེད།

ཉིང་ཁྲི་ས་ཁུལ་བརྒྱད་གཅིག་གྲོང་རྡལ་ཞྭ་མིན་ལུས་རྩལ་ཐང་གི་དམངས་ཕན་ཉེན་རྟོག་ལས་དོན་ས་ཚིགས་ཀྱི་གྱང་ངོས་སུ་མང་ཚོགས་ཀྱིས་ཕུལ་བའི་གོས་དར་འགེལ་ཡོད། ཝང་ཀྲིན་ཝའེ་ཡིས་ལས་འཛིན་མཁན་གྱི་མི་དམངས་ཉེན་རྟོག་པའི་ས་ནས་ཉེན་རྟོག་ལས་དོན་ས་ཚིགས་ཀྱི་ལས་དོན་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཚགས་གནང་བ་མ་ཟད། ཁོ་ཚོར་ཕྱོགས་གཅིག་ནས་དམངས་ལ་ཞབས་ཞུ་སྒྲུབ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་བདེ་འཇགས་སྲུང་སྐྱོང་བྱས་ཏེ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་དང་། མི་དམངས་ཀྱི་བདེ་སྐྱིད་བརྟན་འཇགས་ཐད་ལ་ལེགས་རྗེས་གསར་བ་འཇོག་དགོས་ཞེས་བསྟན་པ་རེད།

ཉིང་ཁྲི་རྫོང་ཀླུ་ནང་གྲོང་རྡལ་གྱི་བཀྲ་ཤིས་སྒང་ནི་སྙན་གྲགས་ཆེ་བའི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་གྲོང་སྡེ་ཡིན་པ་དང་། གྲོང་སྡེའི་ཨུ་ལྷན་གྱིས་སྡེ་མི་ཚོའི་སྣེ་ཁྲིད་དེ་ཕྱུག་འགྱུར་བྱུང་བའི་ཐད་ལ་ནུས་པ་ཆེན་པོ་ཐོན་ཡོད། གྲོང་སྡེའི་ནང་དུ་ཕྱིན་པ་དང་། ཝང་ཀྲིན་ཝའེ་ཡིས་གསར་བཞེངས་བྱས་པའི་ཁང་ཁྱིམ་གསར་བ་རེ་རེ་མཐོང་རྗེས། ཡིད་འགུལ་ཆེན་པོ་ངང་། “གྲོང་སྡེའི་མང་ཚོགས་དེ་འདྲའི་ཁང་བ་བཟང་བོའི་ནང་དུ་སྡོད་ཐུབ་པ་དང་། འཚོ་བ་དེ་འདྲའི་བཟང་བོ་རོལ་ཐུབ་ཡོད་པ་ནི་ངོ་མ་ཧ་ལས་དགོས་པ་ཞིག་རེད”ཅེས་གསུངས་པ་རེད། ཁོང་གིས་ས་གནས་དེ་གའི་འགན་ཁུར་མི་སྣ་ལ་བཀོད་འདོན་བྱ་རྒྱུར། རྨང་གཞི་བརྟན་པོ་མེད་ཚེ་འགྱུར་ལྡོན་འབྱུང་སླ་བས། དོན་དངོས་སུ་གཞི་རིམ་གྱི་རྨང་གཞིའི་ལས་དོན་ཐད་ལ་ཤུགས་བརྒྱབ་ནས། ཆེས་རྒྱ་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་མངོན་འགྱུར་དང་སྲུང་སྐྱོང་། འཕེལ་རྒྱས་ལེགས་པོ་བྱས་ནས། མི་རིགས་ཁག་སོ་སོའི་མང་ཚོགས་ཀྱིས་བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་གི་གྲུབ་འབྲས་མཉམ་སྤྱོད་བྱེད་ཐུབ་པ་བྱས་ནས། ཏང་གི་བོད་ལྗོངས་ཀྱི་སྲིད་འཛིན་རྨང་གཞི་དོན་འཁྱོར་ཡོང་བ་བྱེད་དགོས་པ་རེད།

ཝང་ཀྲིན་ཝའེ་ཡིས་མི་རིགས་ཁག་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཐུགས་ཁུར་ཟབ་མོ་གནང་བཞིན་ཡོད། ཟླ་བ་བརྒྱད་པའི་ཚེས་བཅུ་གཉིས་ཉིན། ཁོ་རང་ལྷོ་པ་མི་རིགས་འདུས་སྡོད་བྱ་ཡུལ་དེ་སྨན་གླིང་རྫོང་གནས་ཡུལ་ཡུལ་ཚོའི་ཚེ་སྒྲུབ་གྲོང་སྡེར་དུ་སླེབས་རྗེས། ལྷོ་པ་མི་རིགས་ཀྱི་འཚོ་བ་གསར་རྙིང་ཞིབ་བསྡུར་བྱས་པའི་པར་རིས་འགྲེམ་སྟོན་ལ་གཟིགས་པ་དང་། གྲོང་ཁྱིམ་དུ་ཕྱིན་ནས་སྡེ་མི་ཚོ་དང་མཉམ་དུ་བརྩེ་བས་ངང་གཏམ་གླིང་བྱས་པ་རེད། ལྷ་པ་མང་ཚོགས་ཀྱིས་ཏང་ཨུའམ་སྲིད་གཞུང་རིམ་པ་སོ་སོའི་སྣེ་ཁྲིད་འོག་ཏུ། མེས་པོ་ཚོས་རྨི་ལམ་དུའང་མི་འཁོར་བའི་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་པ་མཐོང་རྗེས། ཁོང་གིས་བསྟན་རྒྱུར། མཐའ་ཁུལ་འཕེལ་རྒྱས་དང་མི་དམངས་ཕྱུག་འགྱུར་བྱ་འགུལ་ལག་བསྟར་ཤུགས་ཆེར་གཏོང་བ་དང་། མི་གྲངས་ཉུང་བའི་མི་རིགས་འཕེལ་རྒྱས་ལ་རོགས་སྐྱོར་དང་། མི་རིགས་ཁག་སོ་སོ་མཉམ་དུ་འཕེལ་རྒྱས་དར་འབྱོར་ཡོང་བ་མངོན་འགྱུར་བྱེད་དགོས་ཞེས་བཤད་པ་རེད།

ཟླ ༨ པའི་ཚེས ༡༥ ཉིན། ཝང་ཀྲིན་ཝའེ་ཡིས་ལྷ་ས་ནས་སྔ་རྗེས་སུ་གཙིག་ལག་ཁང་དང་། ལྷ་སའི་ཡེ་ཤེས་ཆོས་ལུགས་ཀྱི་ལྷ་ཁང་། ཕོ་བྲང་པོ་ཏ་ལ་རྟོག་ཞིབ་གནང་བ་དང་། ཁོ་རང་འགྲོ་ཞོར་གཟིགས་ཞོར་དུ། ལས་དོན་ངོ་སྤྲོད་བྱས་པར་ཞིབ་ཚགས་ཀྱིས་ཉན་པ་རེད། ཁོར་རང་སླེབས་ཡུལ་དུ་ཆོས་ལུགས་དང་དགོན་སྡ་འཆམ་མཐུན་ཡིན་པ་མཐོང་རྗེས། ཝང་ཀྲིན་ཝའེ་ཡིས་བསྟན་དོན། ཁྲིམས་དང་བསྟུན་ནས་ཆོས་ལུགས་དོ་དམ་ནན་མོ་བྱེད་པ་དང་། མི་རིགས་ཀྱི་དམངས་སྲོལ་དང་ཆོས་ལུགས་དུང་ཞེན་ལ་བརྩི་མཐོང་ཆེན་པོ་བྱེད་དགོས་ལ། སློབ་གསོ་དང་དོ་དམ། ཞབས་ཞུ་བཅས་ལ་ཤུགས་རྒྱབ་སྟེ། རྒྱ་ཆེའི་གྲྭ་བཙུན་མང་པོས་དོན་དངོས་སུ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་ཚོར་མྱོང་བྱེད་ཐུབ་པ་བྱས་ནས། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་སྟེང་གི་སྐྱེས་བུ་དམ་པ་མང་པོའི་རྒྱལ་གཅེས་ཆོས་གཅེས་དང་བཀའ་སྲུང་ཁྲིམས་བརྩི། སྙིག་དོར་བཅུད་ལེན། འཆམ་མཐུན་ཡིད་སྨོན། ཞི་བདེར་རེ་འཇོག་བྱེད་པའི་སྲོལ་རྒྱུན་བཟང་བོ་རྒྱུད་འཛིན་དང་དར་སྤེལ་བཏང་ནས། རང་འགུལ་ངང་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིག་ལ་སྲུང་སྐྱོང་བྱེད་དགོས་པ་རེད།

རྟོག་ཞིབ་གནང་བའི་དུས་རིམ་ཁྲོད་དུ། ཝང་ཀྲིན་ཝའེ་ཡིས་རང་སྐྱོང་ལྗོངས་ཀྱི་ལས་དོན་སྙན་ཞུ་ལ་ཉན་རྗེས། བོད་ལྗོངས་ཀྱི་སྤྱི་ཚོགས་ཆབ་སྲིད་འཕེལ་རྒྱས་ཐད་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་པར་གདེང་འཇོག་གནང་བ་རེད། ཁོང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་དུ། བོད་རང་སྐྱོང་ལྗོངས་ཏང་ཨུའམ། སྲིད་གཞུང་གིས་མཐུན་སྒྲིལ་ངང་བོད་ལྗོངས་ཀྱི་མི་རིགས་ཁག་སོ་སོའི་མང་ཚོགས་ཁྲིད་ནས། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་དང་འབྲེལ་བའི་མཛུབ་སྟོན་བྱ་ཐབས་དང་སྲིད་ཇུས་བཀོད་སྒྲིག་ལག་བསྟར་ཟབ་མོ་གནང་བ་མ་ཟད། བོད་ལྗོངས་ཀྱི་དོན་དངོས་གནས་ཚུལ་དང་འབྲེལ་ནས། གསར་གཏོད་རང་བཞིན་གྱིས་ལས་དོན་སྤེལ་བ་དང་། དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་། དམངས་འཚོ་ལེགས་བསྒྱུར་ཆེན་པོ། མི་རིགས་མཐུན་སྒྲིལ་བརྟན་པོ། སྐྱེས་ཁམས་སྲུང་སྐྱོང་ལེགས་པོ་བྱུང་ཡོད་པས། བསམ་བློ་གསར་འབྱེད་དང་ལས་དོན་ཉམས་མྱོང་ལོན་པ། ལམ་ལུགས་ལེགས་པས་དམངས་སེམས་འགུག་པ་དང་། བོད་ལྗོངས་ཀྱི་འཕེལ་རྒྱས་མགྱོགས་པ། གྲོང་སྡེའི་རྣམ་པར་འགྱུར་ལྡོག་བྱུང་ཡོད་པ། མི་རིགས་ཁག་སོ་སོའི་མང་ཚོགས་ལ་ཁེ་ཕན་ཆེན་པོ་བསྐྲུན་ཐུབ་ཡོད་པ་རེད། ཝང་ཀྲིན་ཝའེ་ཡིས་ནན་ཏུ་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་ཀྲུང་དབྱང་གི་ཐེངས་ལྔ་བའི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུའི་བསམ་བློ་ལག་བསྟར་དོན་འཁྱོར་ཟབ་མོ་ཐོན་པ་བྱེད་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་གསོ་སྐྱོང་བྱེད་དགོས་ཚེ་མཐའ་མཚམས་གསོ་སྐྱོང་དང་། མཐའ་མཚམས་གསོ་སྐྱོང་བྱེད་དགོས་ཚེ་བོད་ལྗོངས་འཛུགས་སྐྲུན་བཟོ་དགོས་པའི”དགོངས་དོན་དང་གསུངས་བཤད་རབ་དང་རིམ་པ་གལ་ཆེན་གྱི་དང་འབྲེལ་ནས། ལག་པ་གཅིག་གིས་འཕེལ་རྒྱས་དམ་འཛིན་དང་ལག་པ་གཅིག་གིས་བརྟན་བརླིང་སྲུང་སྐྱོང་བྱས་ནས། སྤྱི་ལོ ༢༠༢༠ ལོར་སླེབས་པའི་དུས་སུ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཐུབ་པ་འགན་ལེན་བྱས་ནས། བོད་ལྗོངས་སྔར་བཞིན་བརྟན་བརླིང་དང་བརྟན་བརླིང་ཡུན་རིང་། ཕྱོགས་ཡོངས་ནས་བརྟན་བརླིང་ཡོང་བ་བཅས་བྱེད་དགོས་པ་རེད། མཉམ་དུ་འཐབ་འཁྲིག་སྲ་བརྟན་དང་མཐུན་སྒྲིལ་བརྟན་བརླིང་སྲུང་སྐྱོང་བྱེད་དགོས། གཉིས་ནི་སྣ་འདུས་སྲིད་ཇུས་བཏོན་ནས། དམངས་སེམས་འགུག་པའི་ལས་དོན་གཉེར་དགོས། རྣམ་རྒྱུན་རྒྱུན་འཁྱོངས་དང་དམངས་སེམས་འགུག་པ། དམངས་འཚོ་འགན་ལེན་དང་ལེགས་བསྒྱུར་བྱས་ནས། འཕེལ་རྒྱས་བརྟན་བརླིང་གི་གཞི་རྐང་འཛུགས་དགོས། གསུམ་ནི་དོན་དངོས་གནས་ཚུལ་དང་བསྟུན་ནས། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་བོད་ལྗོངས་ཀྱི་འཕེལ་རྒྱས་ལམ་བུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་གིས་གནང་བའི་དམིགས་བསལ་སྲིད་ཇུས་ལེགས་པོར་བཀོལ་བ་དང་། ཤུགས་ཆེན་པོས་ཁྱད་ཆོས་ལྡན་པའི་དགེ་མཚན་ལྡན་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེར་བཏང་ནས། ཁྲག་བཟོའི་འགན་ནུས་ཤུགས་ཆེར་བཏང་སྟེ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་དངོས་པོའི་རྨང་གཞི་བརྟན་པོ་འཛུགས་དགོས་པ་རེད། བཞི་ནི་ཤུགས་ཆེན་པོས་སློབ་གསོ་ལས་ཞུགས་ལས་དོན་གཉེར་དགོས། ཚན་རིག་སློབ་གསོ་འཕེལ་རྒྱས་ཆེ་བའི་ཁུལ་གྱི་ཐབས་ཇུས་ལག་བསྟར་བྱས་ནས། མཐོ་རིམ་སློབ་གསོ་དང་ལས་རིགས་སློབ་གསོ་འཕེལ་རྒྱས་བཏང་ནས། ཕྱོགས་མང་པོ་ནས་ལས་ཞུགས་ལས་གནས་བསྐྲུན་ཏེ། ལས་ཞུགས་གནད་དོན་ལེགས་པོ་སྒྲུབ་དགོས་པ་རེད། ལྔ་ནི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོ་བྱས་ཏེ། རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། སྐྱེས་ཁམས་དཔལ་ཡོན་འཛུགས་དེ་གོ་གནས་གལ་ཆེན་དུ་བཟུང་ནས། དཔལ་འབྱོར་འཛུགས་སྐྲུན་དང་སྐྱེས་ཁམས་ཁོར་ཡུག་འཛུགས་སྐྲུན་མཉམ་སྐྱོད་དང་། དཔལ་འབྱོར་ནུས་པ་དང་སྐྱེས་ཁམས་ནུས་པ་གཅིག་མཚུངས་ངང་དམ་པོར་བཟུང་ནས། གངས་རིའི་མཐོ་སྒང་གི་རུ་ཆུ་ནགས་གསུམ་སྲུང་སྐྱོང་བཟང་བོ་བྱེད་དགོས་པ་རེད།

བོད་ལྗོངས་སུ་རྟོག་ཞིབ་བྱེད་པའི་དུས་ཡུན་རིང་། ཝང་ཀྲིན་ཝའེ་རྒྱལ་ཡོངས་མི་རིགས་ཨུ་ལྷན་མ་ལག་གིས་བོད་ལྗོངས་དང་ཞིན་ཅིང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུར་ཞུགས་པ་མ་ཟད། ཆེད་དུ་རྒྱལ་ཡོངས་སྲིད་གྲུས་ཀྱི་ཀྲུའུ་ཞི་གཞོན་པའམ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་དགེ་ལེགས་རྣམ་རྒྱལ། སྐབས་བཅུ་བའི་རྒྱལ་ཡོངས་མི་དམངས་ཚོགས་ཀྱི་ཨུ་ཡོན་ཀྲང་གཞོན་པ་རི་ལྡེ། དེ་མིན་ད་དུང་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ལས་སྒྲུབ་མི་སྣ་སོགས་ལ་ལྟ་སྐོར་བྱེད་དུ་ཕྱིན་པ་རེད།

རྟོག་ཞིབ་གནང་རོགས་ད་དུང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་རྡོ་རྗེའང་ཡོད་པ་རེད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག