མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཁྲེན་ཆོན་གོ་ཡིས་པེ་ཅིང་དུ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་བོད་ཀྱི་སློབ་མར་བྱམས་བརྩེའི་ངང་གཟིགས་པ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-06-29 10:08

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས24ཉིན་གྱི་ཕྱི་དྲོ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་པེ་ཅིང་དུ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་བོད་ཀྱི་སློབ་མར་བྱམས་བརྩེའི་ངང་གཟིགས་པ་དང༌། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་ངོ80འཁོར་བའི་རྟེན་འབྲེལ་ཚོགས་ཆེན་དང་། སྤྱི་ལོ2013ལོའི་དཔྱིད་དུས་སློབ་འགོ་འཚུགས་པའི་མཛད་སྒོའི་ཐོག་གི་གལ་ཆེའི་གསུངས་བཤད་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་བཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། སློབ་གསོ་དང་སྤྱོད་ཚུལ་ཡག་པོའི་ཐོག་ནས་གོང་འཕེལ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད་པ་རེད།

    ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱུན་ལས་སློབ་སྤྱི་གཞོན་པ་ལི་ཇིང་ཐན་དང་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་མགོན་པོ་བཀྲ་ཤིས་དང་། ལྕགས་ར་བློ་བཟང་བསྟན་འཛིན་བཅས་ལྷན་དུ་གཟིགས་པར་ཕེབས་ཡོད་པ་རེད།

    ཁྲེན་ཆོན་གོ་ཡིས་སློབ་མ་ཚོ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་མ་ཟད་བོད་ཀྱི་སློབ་མ་ཡོངས་དང་བཞུགས་མོལ་གནང་ནས། ཁོང་ཚོའི་འཚོ་བ་དང་སློབ་སྦྱོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    སྒྲོལ་དཀར་དང་ཡུལ་ཝུན་ཞོལ་ཆིན། ནོར་བུ་ཚེ་རིང་བཅས་སློབ་མའི་འཐུས་མི་གསུམ་གྱི་གཏམ་བཤད་གསན་རྗེས་ཁྲེན་ཆོན་གོ་ཡིས་ཀྲུང་དབྱང་ཏང་གི་སློབ་གྲྭ་ནི་ཏང་གི་མཐོ་རིམ་དང་འབྲིང་རིམ་འགོ་ཁྲིད་ལས་བྱེད་པ་དང་། མར་ཁེ་སེ་རིང་ལུགས་རིགས་གཞུང་གི་ལས་བྱེད་པར་རེས་བསྐོར་སྦྱོང་བརྡར་སྤྲོད་སའི་ཆེས་མཐོའི་སློབ་གྲྭ་ཞིག་རེད།

    བོད་ཀྱི་སློབ་མ་ཚོས་གོ་སྐབས་དམ་འཛིན་བྱེད་པ་དང་སློབ་སྦྱོང་ཡག་པོ་བྱེད་པ། འཇོན་ཐང་ཆེ་རུ་གཏོང་བ། ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ལོ་བརྒྱ་གཉིས་ཀྱི་འབད་ཐབས་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་དགོས་པ་སྟེ། གཅིག་ནས་སློབ་སྦྱོང་ནན་ཏན་བྱེད་པ་དང་རང་ཉིད་ཀྱི་ཤེས་ཡོན་ཅན་དང་ཆེད་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། རྙོག་རྫིང་ཆེ་བའི་གནས་ཚུལ་ཐག་གཅོད་བྱེད་པའི་རང་ངོས་ནུས་པ་རྒྱུན་ཚད་མེད་པར་ཆེ་རུ་གཏོང་དགོས་པ་དང༌། གཉིས་ནས་གཤིས་རྒྱུད་ལ་ཞུན་བརྡར་བྱེད་པ་དང་སྒྲིག་ཁྲིམས་ནན་པོ་སྲུང་ནས་རང་རྟོགས་ངང་ཏང་གཤིས་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གི་སློབ་གྲྭར་སློབ་སྦྱོང་བྱེད་རྒྱུ་གོ་སྐབས་སུ་བརྩིས་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་རྒྱུ་དང་ཟུང་འབྲེལ་བྱེད་དགོས་པ། གསུམ་ནས་བོད་ལྗོངས་དྲིལ་བསྒྲགས་བྱེད་པ་དང་ལྗོངས་ཡོངས་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་བསམ་ཕྱོགས་གསར་པ་དང་བྱ་ཐབས་གསར་པ། ཕན་འབྲས་གསར་པ། འགྱུར་ལྡོག་གསར་པ་བཅས་དྲིལ་བསྒྲགས་ཤུགས་ཆེ་བྱས་ཏེ་གོང་འཕེལ་དང་བརྟན་ལྷིང་གི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ངོ་མ་ཞིག་འཛམ་གླིང་ལ་ངོ་སྤྲོད་བྱེད་དགོས་པ། བཞི་ནས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང༌། བོད་ནས་ཡིན་པའི་སློབ་མ་དབར་གྱི་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་། བོད་ནས་ཡིན་པའི་སློབ་མ་དང་སློབ་མ་གཞན་དག་དབར་གྱི་མཐུན་སྒྲིལ་དང༌། སློབ་མ་དང་དགེ་རྒན། ལས་བཟོ་པའི་དབར་གྱི་མཐུན་སྒྲིལ་ཟབ་ཏུ་བཏང་སྟེ་སྤྲོ་སྣང་ལྡན་པ་དང་གསོན་ཤུགས་ལྡན་པ། མཐུན་སྒྲིལ་མཛའ་གྲོགས་ཆེ་བ་བཅས་ཀྱི་སློབ་སྦྱོང་ཁོར་ཡུག་གཏོད་དགོས་པ། ལྔ་ནས་གཟུགས་བརྙན་བཟང་པོ་གཏོད་པ་དང༌། བོད་ཀྱི་སློབ་མ་ཚང་མས་རང་ཉིད་ཀྱི་བྱ་སྤྱོད་ཐོག་ནས་བོད་ཀྱི་ལས་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། ཏང་དང་རྒྱལ་ཁབ་ལ་དགའ་ཞེན། ཀུན་སྤྱོད་བཟང་པོ། སྤྱོད་ཚུལ་བཟང་པོ་བཅས་ཀྱི་གཟུགས་བརྙན་བཟང་པོ་གཏོད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག