མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་བོད་ལྗོངས་ཀྱི་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚོད་མཇུག་སྒྲིལ་ལ་ཉེ་ཞིང་ཐོན་ཚད་འཕར་སྣོན་བྱུང་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-06-22 10:54

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། “དབྱར་རྩྭ་དགུན་འབུ་ནི་རིན་ཆེན་གསེར་དང་མཚུངས་ཤིང་། དེ་ནི་བོད་ལྗོངས་ཀྱི་ནོར་བུ་རྩ་ཆེན་ཞིག་ཡིན་པ་རེད།” བོད་རང་སྐྱོང་ལྗོངས་ཞིང་ལས་ཐིང་གི་འབྲེལ་ཡོད་འགན་ཁུར་མི་སྣས་དེ་ལྟར་མཚམས་སྦྱོར་གནང་ཞིང་། “བོད་ལྗོངས་ཀྱི་མངའ་རིས་མ་ཡིན་པའི་ས་ཆ་གཞན་ཕལ་ཆེ་བར་དབྱར་རྩྭ་དགུན་འབུ་ཡོད་ལ། དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བོ་ནི་ནག་ཆུ་དང་ཆབ་མདོ་ཡིན་པ་རེད”ཅེས་ཟེར།

དབྱར་རྩྭ་དགུན་འབུ་ཐོན་ཁུལ་སོ་སོར་ཉོ་ཚོང་བྱེད་གནས་ཤིག་ཡོད་པ་དང་། གནས་དེ་ནས་དབྱར་རྩྭ་དགུན་འབུ་ཉོ་མཁན་གྱིས་མང་ཚོགས་ཀྱི་ལག་ནས་དབྱར་རྩྭ་དགུན་འབུ་ཉོ་བར་བྱེད། “གྲོང་ཚོའི་མང་ཚོགས་ཀྱི་ལག་ནས་དབྱར་རྩྭ་དགུན་འབུ་ཉོ་སྐབས་མང་ཆེ་བས་རྐང་གྲངས་བརྩི་བ་དང་། དབྱར་རྩྭ་དགུན་འབུ་ལེགས་གྲས་རྐང་རེར་སྒོར100བྱས་ནས་བཙོང་ཆོག་པ་རེད།”ཅེས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་འབྲེལ་ཡོད་འགན་ཁུར་མི་སྣས་དེ་ལྟར་བཤད་པ་རེད། སྤྱི་ཟླ5བའི་ཟླ་འགོ་ནས་བཟུང་དབྱར་རྩྭ་དགུན་འབུ་རྐོ་བར་དུས་ཡུན་ཕལ་ཆེར་ཉིན50ཡས་མས་ལ་རྒྱུན་མཐུད་སྲིད་ཅིང་། “སྤྱི་ཟླ6པའི་ཚེས25ཉིན་ལོ་རེ་རེའི་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚོད་ཕལ་ཆེར་མཇུག་རྫོགས་པ་དང་།” ལྷ་ས་གྲོང་ཁྱེར་གྱི་དབྱར་རྩྭ་དགུན་འབུའི་ལྷན་ཚོགས་ཀྱི་འགན་ཁུར་མི་སྣས་གསར་འགོད་པར་བཤད་རྒྱུར། “ད་ལོའི་དབྱར་རྩྭ་དགུན་འབུ་གསར་བ་སྤྱི་ཟླ7པའི་ཟླ་སྟོད་དུ་ཚོང་རར་ཐོན་རྒྱུ་ཡིན་ལ། ཟླ་བདུན་པ་དང་བརྒྱད་པ། དགུ་བ་བཅས་ནི་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་པའི་དུས་སྐབས་གཙོ་བོ་ཡིན་པ་རེད”ཟེར། 

གངས་མ་ཆར་གྱི་ནམ་ཟླ་འོས་འཚམ་ལ་བརྟེན་ནས། ད་ལོའི་དབྱར་རྩྭ་དགུན་འབུ་ཐོན་ཚད་ན་ནིང་དང་བསྡུར་ན་འཕར་སྣོན་བྱུང་ཡོད་ཅིང་། འབྲེལ་ཡོད་གནས་ཚུལ་རྒྱུས་ལོན་མཁན་གྱིས་འཕར་སྣོན་བྱུང་ཚད50%ཡན་ཡིན་པར་ཡང་བརྗོད་ལ། གནས་ཚུལ་རྒྱུས་ལོན་བྱུང་མཁན་དེས“ད་ལོར་ནག་ཆུ་ས་ཁུལ་གྱི་དབྱར་རྩྭ་དགུན་འབུའི་ཐོན་ཚད་འཕར་སྣོན་བྱུང་ལ། བོད་ལྗོངས་སྤྱིའི་དབྱར་རྩྭ་དགུན་འབུ་ཐོན་ཚད་ཀྱང་ལེགས་པ་རེད། དེ་གཙོ་བོ་ད་ལོའི་གནམ་གཤིས་དབྱར་རྩྭ་དགུན་འབུ་སྐྱེ་བར་འཚམ་པ་རེད”ཅེས་བཤད།

ཐོན་ཚད་འཕར་བ་དང་བསྟུན་ནས་རིན་གོང་འཕར་སྲིད་དམ་ལྷུང་སྲིད་དམ། དོགས་གཞི་འདིའི་ཐད་ལ་ལྟ་ཚུལ་མི་མཐུན་པ་ཡོད་དེ། “རིན་གོང་མར་ལྷུང་ངེས་རེད། ཕྱོགས་གཅིག་ནས་ཐོན་ཚད་ཡར་འཕར་བ་དང་ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་ཀྱིས་གྲོན་ཆུང་བྱེད་པར་སྐུལ་སློང་བྱེད་པ་རེད། རྒྱུ་རྐྱེན་འདི་དག་གིས་དབྱར་རྩྭ་དགུན་འབུའི་རིན་གོང་ལ་ཤུགས་རྐྱེན་ཐེབས་སྲིད་ཅིང་། ཚོད་དཔག་ལྟར་ན་ད་ལོའི་དབྱར་རྩྭ་དགུན་འབུའི་རིན་གོང་ན་ནིང་ལས་སྒོར5000ནས་སྒོར1000བར་མར་ལྷུང་བ་རེད།”ཅེས་ལྷ་ས་གྲོང་ཁྱེར་གྱི་དབྱར་རྩྭ་དགུན་འབུའི་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་དེ་ལྟར་བཤད་པ་རེད། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། ཉེ་བའི་ལོ་ཤས་རིང་དབྱར་རྩྭ་དགུན་འབུའི་རིན་གོང་བསྟུན་མར་ཡར་འཕར་བའི་གནས་ཚུལ་ལ་གཞིགས་ན། ད་ལོའི་དབྱར་རྩྭ་དགུན་འབུའི་རིན་གོང་མར་ལྷུང་རྒྱུ་རེད། “གནས་ཚུལ་དེར་གཞིགས་ན་ད་ལོའི་དབྱར་རྩྭ་དགུན་འབུའི་རིན་གོང་ད་དུང་ཡར་འཕར་རྒྱུ་ཡིན་པ་རེད།”ཅེས་འགན་ཁུར་མི་སྣས་དེ་ལྟར་བརྗོད་ལ། གཡུ་ཐོག་ལམ་དུ་ཡོད་པའི་དབྱར་རྩྭ་དགུན་འབུའི་སྦྱིན་བདག་གིས་གསར་འགོད་པར་རིན་གོང་ད་དུང་བཤད་དཀའ་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག