མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་སྣུམ་རླངས་ཁྱབ་ཁོངས་ཀྱི་མེ་ཟོན་བདེ་འཇགས་ལས་དོན་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-06-09 11:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས6ཉིན་གྱི་ཕྱི་དྲོ། བོད་ལྗོངས་ཀྱིས་དགུན་ཁ་དང་དཔྱིད་ཀའི་མེ་ཟོན་ཆེད་དོན་བྱ་སྤྱོད་དང་སྣུམ་རླངས་ཁྱབ་ཁོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་གཟེངས་བསྟོད་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། བོད་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་ཀའོ་ཡུའེ་ཞང་གིས། ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་ལས་ཀའི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། ཝུའུ་དབྱིང་ཅེ་ཡིས་གཟེངས་བསྟོད་ཐོབ་མཁན་ཚན་པ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་མ་ཟད། འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་མེ་ཟོན་དཔོན་དམག་དང་སྤྱི་བདེ་མི་དམངས་ཉེན་རྟོག་པ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་བཅས་དང་ལྷག་པར་དུ་གཞི་རིམ་གྱི་ལས་གནས་བརྟན་སྲུང་བྱེད་མཁན་བློ་མཐུན་ཚོར་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།

 ཝུའུ་དབྱིང་ཅེ་ཡིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་སྣུམ་རླངས་ཁྱབ་ཁོངས་ཀྱི་བདེ་འཇགས་ལས་ཀར་དམ་འཛིན་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བ་དང་ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་གལ་ཆེའི་བཀའ་སློབ་ཐེངས་མང་གནང་ཡོད། སྤྱི་བདེ་པུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་སུ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་བཅས་བྱས་པ་རེད། བྱ་སྤྱོད་སྤེལ་རིང་རིམ་ཁག་ཚན་པ་ཁག་གིས་བྱ་ཐབས་ནུས་ལྡན་བཟུང་བ་དང་འཕྱར་བ་གྲུ་འདེགས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། གཙོ་གནད་ལས་གཞི་འཛུགས་སྐྲུན་བཅས་ལ་མཁོ་བའི་སྣུམ་རླངས་འགན་སྲུང་ནུས་ལྡན་ཐུབ་པ་མ་ཟད། ཚབས་ཆེའི་སྣུམ་རླངས་མེ་ཟོན་ཐོན་ཉེན་ཡོད་པའི་རྐྱེན་རྩ་མང་དག་ཅིག་དུས་ཐོག་ཏུ་སེལ་བ་དང་། འབྲེལ་ཡོད་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། སྤྱི་ཚོགས་ཡོངས་ཀྱི་སྣུམ་རླངས་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་བཅས་བྱས་ནས། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མགྱོགས་པོ་འགྲོ་རྒྱུར་འགན་སྲུང་ནུས་ལྡན་མཁོ་འདོན་བྱས་ཡོད་ཅེས་གསུངས་བ་རེད།

ཝུའུ་དབྱིང་ཅེ་ཡིས་དེང་སྐབས་རང་ལྗོངས་འདི་ཉིད་ཡུལ་སྐོར་བ་མང་བ་དང་། འཛུགས་སྐྲུན་བྱེད་མང་བའི་དུས་སྐབས་སུ་གནས་ཡོད་པ་དང་བོད་དུ་ཡོང་མཁན་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་མ་ཟད། ལྗོངས་ཡོངས་ཀྱི་སྣུམ་རླངས་བེད་སྤྱོད་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ནས། སྣུམ་རླངས་ཀྱི་བདེ་འཇགས་ལས་འཛོལ་སྔོན་འགོག་གི་ལས་འགན་སྔར་བཞིན་ལྗི་པོ་ཡོད་པས། ས་ཁུལ་དང་གྲོང་ཁྱེར་ཁག་གིས་ངེས་པར་དུ་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་འདེགས། གྲ་སྒྲིག་ཨང་གསར། དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ་སྣུམ་རླངས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རིགས་ཁག་གི་མེ་ཟོན་གྱི་མི་མངོན་པའི་རྐྱེན་རྩ་སེལ་རྒྱུ་དེ་རྒྱུན་གཏན་རྣམ་པའི་སྤྱི་པའི་བདེ་འཇགས་སྲུང་སྐྱོང་དང་། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་གཏིང་ཟབ་སྤེལ་བའི་གལ་ཆེའི་བྱ་ཐབས་ཞིག་ལ་བརྩིས་ནས། དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བབ་བསྟུན་ཡར་བརྩོན་གྱི་སྒོ་ནས་ཆེད་དོན་བཅོས་སྒྲིག་ལས་ཀའི་གྲུབ་འབྲས་སྲ་བརྟན་དང་གོང་འཕེལ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཝུའུ་དབྱིང་ཅེ་ཡིས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་དང་སྒེར་གྱི་རླངས་འཁོར་བཏང་ནས་བོད་དུ་སྣུམ་རྫས་དབོར་འདྲེན་བྱེད་པའི་བདེ་འཇགས་ལ་དོ་དམ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། འགན་འཁྲིའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ་སྣུམ་རླངས་ས་ཚུགས་ཀྱི་བདེ་འཇགས་དོ་དམ་ནན་པོ་བྱེད་དགོས་པ་དང་། སྤྱི་ཚོགས་ལས་རིགས་ཁག་གིས་མེ་ཟོན་ཚན་པའི་ལས་ཀར་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས་པ། སྣུམ་རླངས་ཁེ་ལས་དང་འབྲེལ་ཡོད་ཚན་པས་མང་ཚོགས་ལ་སྟབས་བདེ་བསྐྲུན་ནས་གཞི་རིམ་དུ་སྣུམ་དབོར་འདྲེན་གྱི་བྱ་ཐབས་ཁག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། མི་དམངས་མང་ཚོགས་ལ་སྟབས་བདེ་གང་ཡོད་སྐྲུན་རྒྱུ་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག