མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྐང་འཁོར་ཞོན་ཏེ་སུ་ཁྲོན་ནས་བོད་ལྗོངས་བར་གྱི་གཞུང་ལམ་བརྒྱུད་ནས་འགྲུལ་སྐྱོད་བྱེད་པའི་ཉམས་མྱོང་།

རྩོམ་པ་པོ། དཔལ་མགོན་སྐྱབས་ཀྱིས་བསྒྱུར།  ཡོང་ཁུངས། ཤིན་ཧྭ་དྲ་བ།   2013-05-25 12:00

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཛེས་སྡུད་ལྡན་པའི་གངས་ལྗོངས་མཐོ་སྒང་ནི་མི་མང་པོའི་སེམས་ཁུངས་ཀྱི་རེ་སྙེག་བྱ་ཡུལ་ཡིན་ལ། ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་གཞུང་ལམ་སྟེ་སུ་ཁྲོན་ནས་བོད་ལྗོངས་བར་གྱི་གཞུང་ལམ་ནི་རྐང་འཁོར་མཁན་བོད་ལྗོངས་སུ་སྐྱོད་པའི་ལམ་ཐིག་ཆེས་བཟང་བོར་གྱུར་ཡོད། ད་ལྟ་གནམ་གཤིས་རིམ་བཞིན་ཇེ་དྲོར་གྱུར་བ་དང་བསྟན་ནས་བོད་ལྗོངས་སུ་སྐྱོད་པའི་ཡུལ་སྐོར་མགྲོན་པོའང་ཇེ་མང་འགྱུར་བཞིན་ཡོད།

རྐང་འཁོར་འགྲུལ་བཞུད་མཁན་མཱ་ལེའུ་ཡིས་རང་ཉིད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ཡོད།

འགྲུལ་བཞུད་མ་བྱས་པའི་སྔོན་ལ། ངེས་པར་དུ་ལུས་པོ་སྦྱོང་བརྡར་བྱེད་དགོས། ལུས་གཟུགས་བདེ་ཐང་མེད་ཚེ་བོད་ལྗོངས་སུ་རྐང་འཁོར་ཞོན་ནས་སླེབས་མི་ཐུབ། དུས་མཚུངས་སུ་ད་དུང་དཀའ་སྡུག་མྱོང་ཐུབ་པའི་གྲྭ་སྒྲིག་བྱེད་དགོས། རྐང་འཁོར་འགྲུལ་བཞུད་བྱེད་པ་ནི་དཀའ་ཁག་ཆེན་པོ་ལྡན་པ་ཞིག་ཡིན། ད་དུང་བདེ་འཇགས་ནི་ཆེས་གཙོ་བོར་འཛིན་པའི་བསམ་བློ་བཅངས་དགོས། འགྲུལ་བཞུད་མ་བྱས་པའི་སྔ་རོལ་དུ། གྲྭ་སྒྲིག་བྱེད་དགོས་པའི་ཡོ་ཆས་ཆ་ཚང་ལ་ཞིབ་བཤེར་ལེགས་པོ་བྱེད་དགོས་པ་མ་ཟད། ལམ་རྒྱུད་ཆ་ཚང་དུ་མགོ་ཁེབས་གྱོན་ཏེ་རང་ཉིད་ལ་སྲུང་སྐྱོབ་བྱས་ན་བཟང་།

འགྲུལ་བཞུད་བྱེད་པའི་བརྒྱུད་རིམ་ཁྲོད། ངེས་པར་དུ་མགྱོགས་ཚད་ཚོད་འཛིན་བྱེད་དགོས། ལྷག་པར་དུ་ཐུར་འབབ་པའི་སྐབས་སུ་མགྱོགས་ཚད་ཚོད་འཛིན་བྱེད་དགོས། ཐུར་འབབ་པའི་མགྱོགས་ཚད་ཆུ་ཚོད་རེར་སྤྱི་ལེ40ནང་དུ་ཚོད་འཛིན་བྱེད་དགོས། མིག་སྔར་ལམ་ཐིག་དེའི་སྟེང་ནས་དོན་རྐྱེན་བྱུང་བ་མང་ཆེ་བ་ནི་ཐུར་འབབ་པའི་སྐབས་སུ་མགྱོགས་ཚད་ཆེ་དྲག་ནས་ཚོད་མ་ཟིན་པར་བྱུང་བ་རེད། དུས་ཡུན་རིང་བོར་ཐུར་འབབ་དགོས་པའི་སྐབས་སུ། བར་སྐབས་ནས་ཅུང་འདུག་ངལ་གསོ་བྱས་ན་འགྲིག དེ་མིན་ཚེ་ལག་པ་གཉིས་ཀྱིས་རྐང་འཁོར་ཚོད་མི་ཟིན་པར་འགྱུར་ཉེན་ཆེ།

འགྲུལ་བཞུད་གྱི་ལམ་བར་དུ། མདུན་ཕྱོགས་ཀྱི་རྐང་འཁོར་དང་བར་ཐག་ངེས་ཅན་བཞག་ནས་ཉེན་ཁ་བྱུང་བ་སྔོན་འགོག་བྱེད་དགོས། དེ་མིན་ད་དུང་རྐང་འཁོར་མཉམ་དུ་མི་སྐྱོད་པ་དང་རྐང་འཁོར་གཉིས་བར་བར་ཐག་ངེས་ཅན་བཞག་ཚེ་ད་གཟོད་བདེ་འཇགས་འགན་ལེན་བྱེད་ཐུབ། ལམ་ཐིག་དེའི་ལམ་ངོས་དེ་འདྲ་མི་ལེགས་པས་སེམས་ཆུང་གཟབ་ནན་ངང་ཉེན་ཁ་ལས་གཡོལ་ཐུབ་པ་བྱེད་དགོས།

འགྲུལ་སྐྱོད་ཁྲོད་མཚོ་ངོས་མཐོ་ཚད་སྨི4000ཅན་གྱི་རི་མཐོན་པོ་བརྒལ་དགོས་པས། དུས་དང་རྣམ་པ་ཀུན་ཏུ་ལ་དུག་ཕོག་པར་སྔོན་འགོག་གྲྭ་སྒྲིག་བྱེད་དགོས། ལ་དུག་ཕོག་པ་སྔོན་འགོག་བྱེད་དགོས་ཚེ་ཐོག་མར་སེམས་འཚུབ་མི་ཉན་པ་དང་། དུས་མཚུངས་སུ་ལ་དུག་སེལ་བའི་སྨན་རྫས་གྲྭ་སྒྲིག་བྱེད་དགོས། དེ་མིན་ད་དུང་ལ་དུག་ཕོག་པ་ཚབས་ཆེ་བའི་སྐབས་སུ། ས་དེ་གའི་འོ་ཇ་བཏུང་ཚེ་ཕན་པ་ཆེ་བ་རེད།

རང་ཉིད་ཀྱི་རྐང་འཁོར་སོགས་དངོས་རྫས་རྩ་ཆེན་བདག་སྲུང་ཐད་ལའང་ཡིད་འཇོག་བྱེད་དགོས། བགྲོད་ལམ་སྟེང་དུ་མི་ཉུང་བའི་ས་ཁུལ་དུ་སླེབས་ཚེ། མི་གཞན་དང་འགྲོགས་ནས་སྐྱོད་ན་བཟང་། གལ་སྲིད་དམིགས་བསལ་གྱི་གནས་ཚུལ་བྱུང་ཚེ། ཅི་ཐུབ་ཀྱིས་དྲག་ཤུགས་མི་བཀོལ་བར་ས་དེ་གའི་བདེ་འཇགས་ཅུས་ལ་རོགས་སྐྱོར་བྱེད་པའི་རེ་བ་ཞུ་དགོས།

དགོས་མཁོ་བྱུང་ཚེ་རླངས་འཁོར་ལ་བསྡད་ན་འགྲིག འགྲུལ་བཞུད་ལམ་བར་དུ་དཀའ་ཁག་ཆེ་བས། འགྲུལ་སྐྱོད་ནུས་ཤུགས་ཡོད་ཚེ་ད་གཟོད་སྐྱོད་ན་འགྲིག དེ་མིན་ཚེ་འུ་ཚིགས་བྱེད་གཏན་ནས་མི་རུང་། ལུས་ཤུགས་མི་འདིང་བ་དང་སེལ་ཐབས་བྲལ་བའི་དཀའ་ཁག་དང་འཕྲད་ཚེ། རླངས་འཁོར་དུ་བསྡད་ན་ཆེས་ལེགས་པ་རེད།

ད་དུང་ས་དེའི་བོད་རིགས་མང་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་སྲུང་བྱེད་དགོས། ལམ་ཐིག་དེའི་ལམ་བར་ནི་བོད་ཁུལ་ཡིན་པས། མི་ཆོས་ཆ་རྐྱེན་དང་ཡུལ་སྲོལ་གོམས་གཤིས་སོགས་ནང་ལོགས་ས་ཁུལ་དང་མི་འདྲ་བ་འདུག་པས། ངེས་པར་དུ་ས་དེ་གའི་མང་སྲོལ་བརྩི་སྲུང་བྱས་ཏེ། མི་དགོས་པའི་དོན་རྐྱེན་ངན་པ་དང་གཡོལ་ཐུབ་པ་བྱེད་དགོས།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག